Skip to main content Skip to search
chu bzang rnam rgyal dpal 'byor/
ID:
T57568
  • ཆུ་བཟང་རྣམ་རྒྱལ་དཔལ་འབྱོར (Tibetan, Tibetan script, Original)
    • > chu bzang rnam rgyal dpal 'byor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chuzang namgyel penjor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1578-1651 - Chuzang Namgyal Paljor, founder of Chuzang monastery in Domey

language:
English

2. dung dkar bod rig pa'i tshig mdzod chen mo

རབ་བྱུང་བཅུ་པའི་ས་རྟ༡༦༡༨ལོ་སྟོད་ལུང་དཀར་ལེབ་ཁང་གསར་དུ་སྐུ་འཁྲུངས། རྭ་སྟོད་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བཞུགས། གླིང་བསྲེ་ཞེས་པའི་མཚན་རྟགས་བླངས། གཙང་པ་རྒྱལ་པོས་ས་སྐྱ་དང་བཀའ་བརྒྱུད་པའི་དགེ་བཤེས་གཉིས་དགེ་ལུགས་པ་དང་རྩོད་པ་རྒྱག་ཏུ་བཅུག་པར་ཕ་རོལ་ཕམ་པར་བྱས་ཤིང་། རྗེས་སུ་མདོ་སྨད་དུ་གདན་དྲངས་ཏེ་མཚོ་སྲིབ་ཏུ་ལོ་གཅིག་ཙམ་དང་ད་དུང་ཐང་ཁེར་ཞེས་པར་ལོ་ཤས་བཞུགས། དེ་ནས་སྐུ་འབུམ་གྱི་ཁྲི་དང་། དགོན་ལུང་ཁྲིར་བཞུགས། རབ་བྱུང་བཅུ་གཅིག་པའི་ས་གླང༡༦༤༩ལོ་འབུམ་ལུང་བཀྲ་ཤིས་ཐང་དུ་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་ཞེས་པ་ཕྱག་བཏབ་པ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་ཆུ་བཟང་ཞེས་པའི་མཚན་ཐོགས། ལྕགས་ཡོས༡༦༤༡ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

language:
Tibetan

3. Thupten Phuntsok Dictionary

རབ་བྱུང་བཅུ་པའི་ས་རྟ (༡༦༡༨) ལོ་སྟོད་ལུང་དཀར་ལེབ་ཁང་གསར་དུ་སྐུ་འཁྲུངས། གླིང་བསྲེ་ཞེས་པའི་མཚན་རྟགས་བླངས། གཙང་པ་རྒྱལ་པོས་ས་སྐྱ་དང་བཀའ་བརྒྱུད་པའི་དགེ་བཤེས་གཉིས་དགེ་ལུགས་པ་དང་རྩོད་པ་རྒྱག་ཏུ་བཅུག་པར་ཕ་རོལ་ཕམ་པར་བྱས་ཤིང་། རྗེས་སུ་མདོ་སྨད་དུ་གདན་དྲངས་ཏེ་མཚོ་སྲིབ་ཏུ་ལོ་གཅིག་ཙམ་དང་། ཐང་ཁེར་ཞེས་པར་ལོ་ཤས་བཞུགས། དེ་ནས་སྐུ་འབུམ་གྱི་ཁྲི་དང་། དགོན་ལུང་ཁྲིར་བཞུགས། རབ་བྱུང་བཅུ་གཅིག་པའི་ས་གླང་ (༡༦༤༩) ལོ་འབུམ་ལུང་བཀྲ་ཤིས་ཐང་དུ་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་ཞེས་པ་ཕྱག་བཏབ་པ་ནས་བཟུང་སྐུ་ཕྲེང་རིམ་བྱོན་ལ་ཆུ་བཟང་ཞེས་པའི་མཚན་ཐོགས། ལྕགས་ཡོས (༡༦༥༡) ལོར་སྐུ་གཤེགས།

language:
Tibetan

4. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1578 ལོར་སྟོད་ལུང་དཀར་ལེབ་ཁང་གསར་དུ་ཡབ་བསོད་ནམས་མགོན་པོ་དང་། ཡུམ་མ་མ་བྲེ་སང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཡོས་ལོ་སྟེ་སྤྱི་ལོ 1651 ལོར་སྐུ་གཤེགས། ཁོང་བརྒྱུད་པ་བླ་མ་རྣམ་རྒྱལ་དཔལ་བཟང་ལས་རབ་ཏུ་བྱུང་སྟེ་མཚན་ལ་རྣམ་རྒྱལ་དཔལ་འབྱོར་ཞེས་གསོལ། བླ་མའི་བཀའ་བཞིན་རྭ་བ་སྟོད་དུ་ཕེབས་ཏེ་སྟག་ལུང་བྲག་པར་བསྟེན་ནས་བསྡུས་ཚད་དང་འདུལ་མཛོད་བཅས་ལ་མཁས་པར་སྦྱངས། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ་གཞུ་ཁང་བ་དགེ་ལེགས་ལྷུན་གྲུབ་པའི་སྤྱན་སྔར་དབུ་ཕར་ལ་གཙོ་བོ་སྦྱངས། དེ་[559]དུས་མཚན་མོ་ཟླ་འོད་ལ་རྟེན་ནས་ཤོག་གྲངས་བཅོ་ལྔ་རེ་ཐུགས་འཛིན་མཛད། འབྲས་སྤུངས་གླིང་བསྲེའི་གྲྭ་སྐོར་མཛད་པས་མཁས་པ་རྣམས་ཀྱི་ཡིད་དབང་འཕྲོགས་ཤིང་། རྒྱལ་བ་ཡོན་ཏན་རྒྱ་མཚོས་ཀྱང་ཐུགས་དགྱེས་པས་ལེགས་ཇ་དང་། ཕྱག་འཕྲེང་གཅིག་བཅས་གནང་བ་མཛད། སེ་ར་དང་། དགའ་ལྡན། བཀྲ་ཤིས་ལྷུན་པོ། དཔལ་འཁོར་ཆོས་སྡེ། བྱང་ངམ་རིང་སོགས་མཚན་ཉིད་ཀྱི་གྲྭ་ས་དུ་མར་གྲྭ་སྐོར་མཛད། འབྲས་སྤུངས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་དཔལ་གསང་བ་འདུས་པ་གཙོ་བོས་རྒྱུད་སྡེ་ཆེན་པོ་རྣམས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། རབ་བྱུང་བཅུ་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1611 ལོར་པཎ་ཆེན་བློ་བཟང་ཆོག་རྒྱན་ལས་རྡོ་རྗེ་འཕྲེང་བའི་དབང་དང་། བདེ་མཆོག་ལཱུ་ཨི་བ། དམར་ནག་འཇིགས་གསུམ་ཞེ་དགུ་མ། རོ་ལངས་བརྒྱད་སྐོར་བཅས་མང་དུ་གསན་པ་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་རྫོགས་ཞུས། དེ་ནས་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་མདོ་སྨད་དུ་བཏང་བ་མཛད་པས་རིམ་གྱིས་མཚོ་ཁར་ཕེབས་ནས་དཔོན་པོ་ཧོ་ལོ་ཇི་ཕ་བུ་གཉིས་ཀྱིས་སྦྱིན་བདག་མཛད་ནས་དེར་དགེ་འདུན་གྱི་སྡེ་བཙུགས། ཟི་ན་ནང་སོས་སྐུ་འབུམ་དུ་གདན་དྲངས་ཏེ། རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1630 ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་ཕེབས་ནས་ལོ་བརྒྱད་ཀྱི་རིང་དུ་གདན་ས་བསྐྱངས། དེའི་སྐབས་སུ་ཡིག་ཆའི་སྐོར་ལ་གཏམ་གླིང་ཅུང་ཟད་བྱུང་བར་བརྟེན། གཞུང་རྙིང་བ་ལ་སྒོ་མང་སྐབས་དང་པོ་དང་། རྗེ་བཙུན་སྐབས་དང་པོའི་འཛིན་[560]གྲྭ་གཉིས་སུ་ཕྱེས་པས་རྩོད་པའི་གཏམ་ཐམས་ཅད་ཆོས་ཕྱོགས་སུ་ཞི། དགོན་པའི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་འབུམ་ཁང་ཕྱི་མཚམས་བཅད་བསྲུང་དུ་གསར་བཞེངས་མཛད། ཁྲི་ཟུར་ནས་དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1639 ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ལོ་བཅུའི་རིང་དུ་གདན་ས་བསྐྱངས། དེའི་རིང་དུ་འཆད་ཉན་གཙོ་བོ་མཛད་ནས་ལྷ་ཁང་ཆེན་མོ་བཞེངས་ཤིང་། གླིང་གསེབ་ཏུ་དབྱེན་བསྡུམས་མཆོད་རྟེན་དང་། བྱམས་པའི་གོས་སྐུ་ཆེ་བ་བཞེངས། འདུ་ཁང་ལ་ཤིང་རྩི་གཏོང་བ། ཐུབ་པ་ཆོས་འཁོར་མ་སོགས་སྐུ་བརྙན་ལི་མ་དྲུག་ཅུ། མདོ་སྔགས་ཀྱི་གླེགས་བམ་དུ་མ་དང་བཅས་སྤྱི་འཇོག་མཛད། ལོ་རེ་བཞིན་དགེ་འདུན་ལ་འགྱེད་ཕོག་ཚ་ར། ཆོས་གྲྭ་བ་རྣམས་ལ་གྲྭ་ཕོག་གྲྭ་འགྱེད་སོགས་ཆོས་དང་ཟང་ཟིང་གཉིས་ཀྱིས་དགོན་པར་ཕན་ཐོགས་རྒྱ་ཆེན་མཛད། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པའི་ས་མོ་གླང་ལོ་སྟེ་སྤྱི་ལོ 1649 ལོར་འབུམ་ལུང་བཀྲ་ཤིས་ཐང་དུ་ཆུ་བཟང་དགོན་པ་དགའ་ལྡན་མི་འགྱུར་གླིང་གསར་འདེབས་མཛད་ཅིང་ཚོགས་པ་བསྐྱངས། དགུང་ལོ་དོན་བཞི་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ལྔ་བ་དང་། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་བཅུ་བ་ཡིན་ནོ།།

language:
Tibetan