Skip to main content Skip to search
spo 'bor byang chub chos 'phel
ID:
T273696
  • སྤོ་འབོར་བྱང་ཆུབ་ཆོས་འཕེལ (Tibetan, Tibetan script, Original)
    • > spo 'bor byang chub chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pobor jangchup chömpel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1756 ལོར་མདོ་ཁམས་ལི་ཐང་དུ་ཡབ་ཁམས་པ་བཀྲ་ཤིས་དང་། ཡུམ་མ་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་ཕོ་ཁྱི་[1019]ལོ་སྟེ་སྤྱི་ལོ 1838 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གཉིས་པར་བསམ་འཕེལ་གླིང་གི་བླ་མ་གདོང་ནག་པར་གཙུག་ཕུད་ཕུལ་ཏེ་མཚན་ལ་བྱང་ཆུབ་ཆོས་འཕེལ་ཞེས་གསོལ། དེ་ནས་ལོ་བརྒྱད་ཀྱི་བར་དུ་ཡབ་ཡུམ་གྱི་བཀའ་བཀོད་དགུན་དུས་བསམ་འཕེལ་གླིང་ནས་དཔེ་ཆ་ཀློག་པ་དང་། དབྱར་དུས་རྒྱུགས་རྫི་མཛད་ནས་བཞུགས། དགུང་ལོ་བཅུ་བཞི་པར་བསམ་གླིང་བླ་མ་དཀོན་མཆོག་ཆོས་འཕེལ་དང་དགེ་བཤེས་རིན་ཆེན་བཟང་པོ་གཉིས་ལས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བཞེས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་དགའ་ལྡན་རྣམ་རྒྱལ་གླིང་དུ་བསྡུས་གཞུང་སོགས་ལ་ལེགས་པར་སྦྱངས་པས་གསང་ཕུའི་དཀའ་བཅུ་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་གསུམ་པར་ཚད་མ་རྣམ་འགྲེལ་གྱི་ཚོགས་ལངས་ཕུལ་བས་རྩོད་པའི་ཁྱུ་མཆོག་ཏུ་གྱུར། དགུང་ལོ་ཉེར་བཞི་པར་པཎ་ཆེན་རིན་པོ་ཆེ་དང་སེང་ཆེན་བློ་བཟང་དཔལ་འབྱོར་གཉིས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་དུ་མ་གསན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། ཁྲི་ཆེན་ངག་དབང་ཚུལ་ཁྲིམས། མངའ་རིས་ཆོས་རྗེ་བློ་བཟང་སྦྱིན་པ་སོགས་ལ་བསྟེན་ནས་ཟབ་ཆོས་དབང་ལུང་ཁྲིད་གསུམ་མང་དུ་ཞུས། དགུང་ལོ་སོ་གསུམ་པར་དགའ་ལྡན་གྱི་གླིང་བསྲེ་མཛད། དགུང་ལོ་སོ་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་དབུས་སུ་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་བཞིའི་ལམ་གྱི་གནད་དོན་སྤྱི་དང་། ཁྱད་པར་དུ་[1020]རྒྱུད་སྡེ་ཀུན་གྱི་མཐར་ཐུག་དཔལ་གསང་བ་འདུས་པའི་ལམ་རིམ་པ་གཉིས་ཀྱི་དཀའ་བའི་གནད་རྣམས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་། རྗེ་ཡབ་སྲས་ཀྱི་མན་ངག་ལེགས་བཤད་ལ་བརྟེན་ནས་ཐུགས་སུ་དཔྱིས་ཕྱིན་པར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། ཤར་ཆེན་ངག་དབང་བཀྲ་ཤིས་དང་། ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས། ཤར་པ་བློ་བཟང་བསྟན་པ། གུང་རུ་བློ་བཟང་དོན་གྲུབ། མཁན་པོ་བློ་བཟང་ཐུགས་རྗེ་སོགས་ལས་འགྲེལ་བ་བཞི་སྦྲགས་དང་། ལམ་སྒྲོན། བདེ་ལམ། མྱུར་ལམ། འཇམ་དཔལ་ཞལ་ལུང་། གསང་བདེ་འཇིགས་གསུམ་གྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དགུང་ལོ་ཞེ་བཞི་པར་རྒྱུད་པའི་བླ་མ་དབུ་མཛད་དང་རྒྱུད་པའི་མཁན་ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས། དེ་ནས་ལོ་གཉིས་ཀྱི་མཚམས་སུ་མཁན་ཁྲི་ལས་དགོངས་གྲོལ་བྱུང་སྟེ་སྤང་ལུང་རི་ཁྲིད་དུ་ལོ་བརྒྱད་ཀྱི་རིང་དུ་བཞུགས་ཏེ་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད། དགུང་ལོ་ང་བཞི་པར་ཤར་རྩེའི་ཁྲི་ལ་བཞུགས་པ་དང་རྒྱལ་བ་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་དུ་དབང་བཀུར་རོ། དགུང་ལོ་དྲུག་ཅུ་ཐམ་པ་རབ་བྱུང་བཅུ་བཞི་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1816 ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར་མཛད། དེ་ནས་ཆུ་བཟང་རི་ཁྲོད་དུ་ཟུར་བཞུགས་མཛད་ཅིང་སྐལ་ལྡན་གྱི་བུ་སློབ་བསྐྱངས་བ་དང་། རྗེ་ཡབ་སྲས་གསུམ་གྱི་འདྲ་སྐུ་བཞེངས་པར་མཛད། དགུང་ལོ་གྱ་གསུམ་པར་དགོངས་པ་ཆོས་དབྱིངས་སུ་[1021]གཤེགས། ཁོང་གི་མཚན་གཞན་ལ་ཤར་རྩེ་བྱང་ཆུབ་ཆོས་འཕེལ་ཞེས་ཞུའོ། ཁོང་ནི་དགའ་ལྡན་གསེར་ཁྲི་འཛིན་པའི་ཁྲི་རབས་དྲུག་ཅུ་རེ་དགུ་པ་ཡིན་ནོ།

language:
Tibetan