- cha har dge bshes blo bzang tshul khrims
- ID:
- T272316
- ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས (Tibetan, Tibetan script, Original)
- > cha har dge bshes blo bzang tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
- > chahar geshé lozang tsültrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1740 ལོར་སོག་པོ་དར་ཚོ་ཆེན་པོ་ཁོ་ཨོ་ཆ་གན་དུ་ཡབ་ཚེ་མགོན་རྒྱལ་དང་། ཡུམ་བློ་བཟང་ཉི་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1810 ལོར་སྐུ་གཤེགས། དགུང་ལོ་བདུན་པར་ཨ་ཁུ་དགེ་ཚུལ་གྱི་མདུན་ནས་སོག་ཡིག་དང་བོད་ཡིག་གཟབ་གཤར་སོགས་སྦྱངས། ལོ་དེར་ཆས་པ་བློ་བཟང་འཕྲིན་ལས་ཀྱི་མདུན་ནས་རབ་ཏུ་བྱུང་ཞིང་དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་ལ་བློ་བཟང་ཚུལ་ཁྲིམས་ཞེས་གསོལ། གཞན་ཕན་བྱང་ཆུབ་གླིང་གི་དགོན་པར་ཞུགས། དགུང་ལོ་བཅོ་ལྔ་པར་བསྙུང་གཞི་ཤིན་ཏུ་ལྕི་བ་བཞེས་ཀྱང་མཐར་འབྲུམ་ནག་ལས་ཐར། དེ་ནས་མི་རིང་བར་ཨ་ཆི་ནོ་མོན་ཧན་བློ་བཟང་བསྟན་འཛིན་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་པར་མཚོ་བདུན་དགོན་དུ་ཐེངས་དང་[540]པོར་ཕེབས་ཏེ་ཤེས་རབ་རབ་འབྱམས་པའི་མདུན་ནས་བོད་སོག་སྒྲ་སྒྱུར་གྱི་ཡོན་ཏན་རགས་ཙམ་གསན། དགུང་ལོ་ཉི་ཤུ་པར་མཚོ་བདུན་དགོན་དུ་ཐེངས་གཉིས་པ་ཕེབས་ཏེ་ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་ལས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་གསུམ་པར་པེ་ཅིན་ཡུང་ཧུའུ་གུང་དུ་སློབ་གཉེར་ལ་ཕེབས། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་གཞུང་ལུགས་མང་པོར་ཐོས་བསམ་མཛད། ཡུང་དགོན་དུ་ལོ་བདུན་ཙམ་བཞུགས་ཀྱང་ཁྲོམ་གྱི་ཚོང་འདུས་སུ་ལན་གཉིས་མ་གཏོགས་བྱོན་མ་མྱོང་། སྐབས་དེར་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། དགའ་ལྡན་ཁྲི་ཆེན་ངག་དབང་ཚུལ་ཁྲིམས། པག་ཤི་བླ་མ་ངག་དབང་དཔལ་ལྡན། རབ་འབྱམས་པ་ངག་དབང་ཚུལ་ཁྲིམས་སོགས་བླ་མ་མང་པོར་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་ཉེར་དགུ་བར་རང་ཡུལ་དུ་ལོག་ཕེབས་མཛད། དགུང་ལོ་སུམ་ཅུ་བར་མཚོ་བདུན་དུ་ཕེབས་ཏེ་ཨོད་ཉིད་གུ་ཤྲཱི་རིན་པོ་ཆེའི་མདུན་ནས་སྔགས་ཕྱོགས་ཀྱི་ཆོས་སྐོར་གསན། དགུང་ལོ་སོ་དགུ་བར་ས་སྐྱ་ལེགས་བཤད་རྩ་འགྲེལ་སོག་ཡིག་ཏུ་བསྒྱུར། དགུང་ལོ་ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེ་མཇལ་དུ་པེ་ཅིན་དུ་ཕེབས། དགུང་ལོ་ཞེ་གཉིས་པར་པཎ་ཆེན་གྱི་གསང་རྣམ་གསང་བའི་ལུང་ཞེས་པ་སོག་ཡིག་ཏུ་བསྒྱུར། དགུང་ལོ་ཞེ་ལྔ་པར་དཀར་པོ་རིའི་དགོན་པ་དགའ་ལྡན་ཆོས་འཛིན་གླིང་གསར་དུ་བཏབ་པའི་གྲབས་བཀོད་མཛད། དགུང་ལོ་ཞེ་བརྒྱད་པར་འདུ་ཁང་ཆེན་མོ་བཞེངས་གྲུབ། དེ་ནས་མུ་མཐུད་དེ་ལྷ་ཁང་དང་རྟེན་གསར་[541]བཞེངས་མཛད། དགུང་ལོ་ང་དྲུག་ནས་རེ་གཅིག་བར་ལོ་ངོ་དྲུག་གི་རིང་དུ《ལམ་རིམ་གསལ་འབྱེད་ཀྱི་མན་ངག་དངོས་གྲུབ་ཀུན་འབྱུང་》དང་ཕར་ཕྱིན་འགྲེལ་བ། བསྟན་བཅོས《མུན་སེལ་སྒྲོན་མེ》། རྩིས་ཀྱི་བསྟན་བཅོས་སོགས་བརྩམས་མཛད། དགུང་ལོ་རེ་གསུམ་པར་ཨ་ཀྱཱ་མཆོག་སྤྲུལ་གྱིས་བཀའ་ཕེབས་པ་ལྟར། སོག་ཡིག་ཐོག་ནས་བརྩམས་པའི་ཙོང་ཁ་པའི་རྣམ་ཐར་ཆེན་མོ་བོད་ཡིག་ཏུ་བསྒྱུར། ཁོང་ལ་ཏཱ་བླ་མའི་ཆོ་ལོ་དང་གོང་མའི་དབུ་བླ་སོགས་ཀྱི་གོ་གནས་ཕུལ་ཡང་གཏན་ནས་ཞལ་བཞེས་མ་མཛད་པར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་དོ། ཁོང་གི་གསུང་རྩོམ་ནི་རྣམ་ཐར། གཞུང་འགྲེལ། ལམ་རིམ་གྱི་འགྲེལ་བ། བཅའ་ཡིག གསོ་རིག་གི་སྐོར། བརྡ་སྤྲོད། རྩིས་སོགས་པོ་ཏི་བཅུ་གཅིག་ཏུ་བཞུགས་སོ།།
- language:
- Tibetan