Skip to main content Skip to search
zhwa dmar chos dpal ye shes/
ID:
T271431
  • ཞྭ་དམར་ཆོས་དཔལ་ཡེ་ཤེས (Tibetan, Tibetan script, Original)
    • > zhwa dmar chos dpal ye shes/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > zhamar chöpel yeshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདེ་ཉིད་ཡབ་བསམ་གྲུབ་དང་ཡུམ་བར་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་མེ་ཁྱི(༡༤༠༦)ལོར་ཡུལ་མྱང་པོ་ཁེ་བྲག་མདོར་སྐུ་འཁྲུངས། སྐུ་ཆུང་ངུ་ནས་བླ་མ་ཆོས་བཟང་བ་དང་དགེ་སློང་དབོན་གྲགས་པ་ལ་ཟབ་ཆོས་མང་དུ་གསན། དགུང་ལོ་བརྒྱད་བཞེས་པ་ལ་ཀོང་དབུས་ཀྱི་ས་མཚམས་བང་མདོར་ཆོས་རྗེ་དེ་བཞིན་གཤེགས་པ་དང་མཇལ་ནས་དགེ་བསྙེན་གྱི་སྐོམ་པ་བཞེས། དེནས་སྟག་རྩེ་ཆོས་རྗེས་མཁན་པོ་དང་། བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་། ཆོས་རྗེའི་དྲུང་དུ་ཁྲིད་དང་དབང་དང་ལུང་ལ་སོགས་པ་དཔག་ཏུ་མེད་པ་གསན། དགུང་ལོ་བཅུ་གསུམ་ལ་སྙེ་བོར་བྱོན། དེ་ནས་ཀོང་པོའི་དགོན་གནས་རྣམས་ཀྱི་དར་རྒྱས་སྤེལ་ཞིང་། བ་ཡོ་ལ་སོགས་པར་བཞུགས། ཙ་རི་བཀྲ་ཤིས་ལྗོངས་སུ་ཚེ་དཔག་མེད་ཀྱི་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས། དེ་ནས་འོལ་ཁ་བཀྲ་ཤིས་ཐང་དུ་ཕེབས་ནས་མཚལ་མིན་རིན་པོ་ཆེ་བསོད་ནམས་བཟང་པོ་དང་མཇལ་ཏེ་བསྙེན་པར་རྫོགས། བྲག་གསུམ་དང་། འཇམ་ནེ། དམར་ཚ་ཐུང་། རྔོད་ཨ་རིགས་རྣམས་སུ་ཕེབས་ནས་ཆོས་མང་དུ་གསུངས། དེ་ནས་བྱང་ལམ་བརྒྱུད་དེ་མཚུར་ཕུར་ཕེབས། བླ་མ་གངས་པ་དབང་ཕྱུག་རྒྱལ་མཚན་ལ་ནི་གུའི་ཆོས་སྐོར། འཚལ་བའི་ཆོས་སྐོར། དོ་ཧ་ལ་སོགས་པ་གསན། དེ་ནས་དབུར་སྟོད་ནས་མྱང་པོ་བརྒྱུད་ཀོང་པོར་ཕེབས། མཚུར་སྟོན་ཆོས་ཀྱི་རིན་ཆེན་དང་། ཆོས་རྗེ་མཐོང་བ་དོན་ལྡན། མགན་ཆེན་ཤཱཀྱ་གྲགས་པ་སོགས་ལས་ཟབ་ཆོས་མང་དུ་གསན། སུམ་མཁར་གྱི་ས་ཆར་སྐུ་མཚམས་ཤིན་ཏུ་དམ་པར་མཛད་དེ་བཞུགས། དེ་ནས་ཀོང་པོ་བརྒྱུད་ལྷོ་རོང་དང་། རི་བོ་ཆེ་རྣམས་སུ་བྱོན། ཡོར་མདའ་དང་ལྷ་སྟེངས་རྣམས་སུ་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་ཞུ་བ་མང་དུ་བྱུང་། མཐར་དགུང་ལོ་བཞི་བཅུ་ཞེ་བདུན་ལ་ཕེབས་པ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ་(༡༤༥༢)ལོར་དགའ་མ་མོར་ཞི་བར་གཤེགས།

language:
Tibetan