- tsA ri tsa gong /
- ID:
- T271406
- ཙཱ་རི་ཙ་གོང (Tibetan, Tibetan script, Original)
- > tsA ri tsa gong / (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsari tsagong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་དུ་སྐད་གྲགས་ཡོད་པའི་གནས་རི་ཞིག་སྟེ་དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣང་རྫོང་རྩ་རི་ཆུས་སུ་ཡོད་ཅིང་། བདེ་མཆོག་རྩ་རྒྱུད་ནས་བཤད་པའི་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་ཞིག་ཡིན་པར་བོད་ཀྱི་མཁས་པ་མང་པོས་ངོས་འཛིན་གནང་གི་ཡོད། དེ་ནི་འགྲོ་མགོན་འཕགས་མོ་གྲུ་པའི་སློབ་བརྒྱུད་འགྲོ་མགོན་དང་མཚོ་རབས་པས་རབ་བྱུང་ལྔ་པའི་ཤིང་སྟག་(༡༣༡༤)ལོར་གནམ་སྒོ་ཕྱེ་བ་ཡིན་ཞེས་ལོ་རྒྱུས་འགའ་ཞིག་ལས་གསལ། རིའི་དབྱིབས་ནི་རི་རབ་བང་རིམ་གསུམ་པའི་ཚུལ་དུ་གནས་པ་དེར་བསྐོར་དང་། བར་གྱི་བང་རིམ་དེར་བསྐོར་བ་བྱས་ན་རྩེ་བསྐོར་ཞེས་བརྗོད་སྲོལ་ཡོད། རི་འདིའི་ཁྱོན་ཡོངས་ཀྱི་དབྱིབས་ནི་རྡོ་རྗེ་འཕྲེད་ལ་བཞག་པ་ལྟ་བུར་ཡོད་པའི་རྭ་ཤར་མ་ནི། ཙཱ་རི་གདར་མ་བཀྲ་ཤིས་ལྗོངས་ཡོད་ས་དེ་ཡིན་ཅིང་། རཱ་ནུབ་མ་ནི་ཙཱ་རི་རྙིང་མ་ཡོད་སའི་གནས་དེ་ཡིན་ལ། རྡོ་རྗེའི་ལྟེ་བ་ལྟ་བུ་ནི་ཙཱ་རི་མཚོ་དཀར་ཡོད་སའི་གནས་དེ་ཡིན། རི་དེའི་ཁོར་ཡུག་གི་མཐའ་བསྐོར་དུ། ཀློ་དང་། མོན། གཉལ་སྦྱར། དྭགས་པོ། ཀོང་པོ་བཅས་ཀྱིས་བསྐོར་ནས་ཡོད། གནས་འདིའི་ཁྱད་ཆོས་ནི། མེ་ཏོག་གི་རིགས་སྣ་མང་པོ་དང་། རྩྭ་སྨན་ཀླུ་བདུད་ནག་པོ་དང་། འབྲི་ཏ་ས་འཛིན། སྔོ་འོད་ལྡན། ཀུནྡ་བདེ་སྐྱིད་སོགས་སྨན་གྱི་རིགས་རི་ཀླུང་ཀུན་ཁེངས་པ། མི་ལྤགས་རོང་། འོད་འབར་རོང་། སྟག་ཚང་རོང་། དོམ་ཚང་རོང་སྟེ་རོང་བཞི། སྐྱོབ་ཆེན་ལ། ཤ་སྐམ་ལ། དགའ་ཡོ་ལ། ཤ་སུས་ལ་བཅས་ལ་བཞི་། སྐྱོབ་ཆེན་ཕུག་དང་། འོད་འབར་ཕུག། རྡོ་རྗེ་ཕུག མིག་ར་ཕུག་བཅས་ཕུག་པ་བཞི། ཕོ་བྲང་གཡུ་མཚོ་སོགས་མཚོ་ངོ་མཚར་བཅུ་གཉིས་ཀྱིས་མཚོ་ཆེ་ཆུང་བརྒྱ་ཕྲག་མང་པོ། ངོ་མཚར་ཅན་གྱི་བཟོ་དབྱིབས་ལྡན་པའི་གསེབ་ན་གཅན་གཟན་དང་རི་དྭགས་སྣ་ཚོགས་རྒྱུ་ཞིང་། བྱ་དང་བྱིའུ་རིགས་སྣ་མང་པོ་གནས་པ། རིའི་བར་མཚམས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་མང་པོ་ཡོད་པ་སོགས་ཞིབ་པར་འབྲུག་པ་པདྨ་དཀར་པོས་མཛད་པའི་<<གནས་ཆེན་རྩ་རི་ཊའི་གནས་ཡིག་ངོ་མཚར་སྣང་བ་པད་དཀར་ལེགས་བཤད་>>ཤོག་གྲངས༣༤བྱས་པ་ཞིག་གསུང་འབུམ་[ཀ]པའི་ནང་བཞུགས་ཤིང་། གཞན་ཡང་འདིའི་ལམ་ཡིག་ཕྱོགས་བསྡུས་ལེ་ཚན་[ཀ]ནས་[ཐ]བར་དུམ་བུ་བཅུ་གཉིས་མགོ་དང་མཇུག་ནས་མ་ཚང་བར་ཁྱོན་ཤོག་གྲངས༣༡༤ཡོད་པ་ཞིག་ཀྱང་ཁོ་བོས་མཐོང་། གནས་དེར་དེང་རབས་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་བྱེད་ས་ཞིག་འཛུགས་པའི་ཆ་རྐྱེན་བཟང་པོ་ཞིག་ཡོད།གཙང་།
- language:
- Tibetan