- ce'u la rgyal po sum cu so drug
- ID:
- T270810
- ཅེའུ་ལ་རྒྱལ་པོ་སུམ་ཅུ་སོ་དྲུག (Tibetan, Tibetan script, Original)
- > ce'u la rgyal po sum cu so drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > cheula gyelpo sumchu sodruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀྲའུ་རྒྱལ་རབས(周朝)ལ་ཡོན་རྒྱལ་རབས་སྐབས་ཅེའུ་རྒྱལ་རབས་ཞེས་འབོད་པ་དེར་སྔ་རྗེས་སུ་ཧྲའན་ཤིས་ཞིང་ཆེན་གྱི་ཤིན་ཨན་ལ་རྒྱལ་ས་བྱས་པའི་ཤིས་ཀྲའུ(ཀྲའུ་ནུབ་མ)དང་། ཧོ་ནན་ཞིང་ཆེན་གྱི་ལོའོ་ཡང་ལ་རྒྱལ་ས་བྱས་པའི་ཏུང་ཀྲའུ(ཀྲའུ་ཤར་མ)ཞེས་པའི་རྒྱལ་རབས་ཚན་པ་ཁག་གཉིས་བྱུང་བའི་དང་པོ་ཤིས་ཀྲའུ་རྒྱལ་རབས་ནི་རྒྱལ་རབས་སྔོན་མ་ཧྲང་རྒྱལ་རབས(ཤང་རྒྱལ་རབས)ཀྱི་རྒྱལ་ཐོག་སུམ་ཅུ་པ་ཡན་ཀྲའུ་ཝང་གིས་དབང་བསྒྱུར་བྱས་པའི་སྐབས་སུ་བྲན་གཡོག་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་གཉའ་གནོན་དང་བཤུ་གཞོག་འོག་བྲན་གཡོག་དང་བྲན་གཡོག་བདག་པོའི་བར་གྱི་འགལ་བ་ཧ་ཅང་ཚབས་ཆེ་རུ་སོང་ཞིང་། དུས་མཚུངས་བྲན་གཡོག་བདག་པོའི་གྲལ་རིམ་ནང་ཁུལ་བར་ལའང་འགལ་བ་ཆེ་རུ་སོང་ནས་ཧྲང་རྒྱལ་རབས་ཀྱི་དབང་སྒྱུར་མུ་མཐུད་དུ་གནས་མི་ཐུབ་པའི་ཉེན་ཁ་ཆེ་རུ་སོང་སྟེ། རྒྱལ་པོ་ཡན་ཀྲའོ་ཝང་གིས་ཉེ་བསྐོར་རྒྱལ་ཕྲན་རྣམས་ལ་རྒྱུན་མི་ཆད་པར་ཕར་རྒོལ་བྱས། སྐབས་དེར་ཧྲང་རྒྱལ་ཁབ་ཀྱི་ཁོངས་གཏོགས་རུས་མིང་ཀྲའུ་ཡིན་པའི་ཝེན་ཝང་གི་བུ་ཀྲའུ་ཝུ་ཝང་གིས་ཁོར་ཡུག་ཏུ་ཡོད་པའི་རྒྱལ་ཕྲན་དང་ཚོ་པ་ཁག་དང་མཉམ་འབྲེལ་གྱིས་ཧྲང་རྒྱལ་རབས་ཀྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་བསླངས་ཏེ་རྨུ་ཡེ་ས་གནས(དེང་སང་ཧོ་ནན་ཞིང་ཆེན་གྱི་ཅིས་ཤན)ལ་དམག་འཐབ་བྱས་པ་དང་དུས་མཚུངས་ཧྲང་རྒྱལ་རབས་ཀྱི་དམག་དཔུང་ནང་གྱི་བྲན་གཡོག་ཁག་གཅིག་ཀྱང་ཡར་ལངས་ནས་གྱེན་ལོག་བྱས་ཏེ། ཀྲའུ་ཝུ་ཝང་གིས་འགོ་བྱེད་པའི་དམག་དཔུང་ལ་རྒྱལ་ཁ་ཐོབ་ནས་ཧྲང་རྒྱལ་རབས་རྩ་བ་ནས་འཐོར་ཞིང་ཀྲའུ་རྒྱལ་རབས་ཐོག་མར་བཙུགས། རྒྱལ་ས་ནི་ཧྥེང་ཀའོ(དེང་སང་ཧྲའན་ཤིས་ཞིང་ཆེན་གྱི་ཤིས་ཨན)ཡིན། དེ་ལ་ལོ་རྒྱུས་ཐོག་ཤིས་ཀྲའུ་སྟེ་ཀྲའུ་ནུབ་མའམ་ཡོན་རྒྱལ་རབས་སྐབས་ཀྱི་རྒྱ་སྐད་ལ་ཅེའུ་ནུབ་མ་ཟེར། ཀྲའུ་ཝུ་ཝང་ཤི་རྗེས་ཀྲའུ་ཁྲེང་ཝང་ལོ་ཆུང་ངུ་ཞིག་ནས་རྒྱལ་པོར་བསྐོས་ཏེ། ཀྲའུ་ཝུ་ཝང་གི་ནུ་བོ་ཀྲའུ་ཀུང་གིས་སྲིད་འཛིན་རམ་འདེགས་པ་བྱས། དེའི་རིང་བྲན་གཡོག་བདག་པོ་ཁ་ཤས་ཀྱིས་ངོ་ལོག་ཟིང་འཁྲུག་བསླངས་པ་ལྷིང་འཇགས་བཏང་ནས་ས་ཁུལ་སླར་ཡར་རྒྱ་བསྐྱེད་བྱས་ཏེ། ས་ཁུལ་རང་བཞིན་ལྡན་པའི་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་རྣམས་ལ་གོ་ས་སྤྲད་ནས་དབང་སྒྱུར་གོ་གནས་ཡོད་པའི་རྒྱལ་ཕྲན་ལམ་ལུགས་ལག་ལེན་བསྟར་བའི་ནང་ཐོག་མའི་སྐབས་སུ་ཁམས་ཀྱི་རྒྱལ་པོ་གོ་གནས་ཅན་བདུན་ཅུ་ལྷག་ཙམ་ཡོད་ཅིང་། དེའི་ནང་ནས་ཅུང་ཟད་སྟོབས་ཆེ་བ་ནི། ཝེད། ལུའུ། ཅིན། ཆིས། ཁྲུའུ་བཅས་ཡིན། ཤིས་ཀྲའུ་རྒྱལ་རབས་དེར་སྔ་རྗེས་སུ་རྒྱལ་པོ་བཅུ་གཉིས་བྱུང་བ་ནི། ༡.ཀྲའུ་ཝུ་ཝང་། ༢.ཀྲའུ་ཁྲེང་ཝང་། ༣.ཀྲའུ་ཁང་ཝང་། ༤.ཀྲའུ་ཀྲའོ་ཝང་། ༥.ཀྲའུ་མུའུ་ཝང་། ༦.ཀྲའུ་ཀུང་ཝང་། ༧.ཀྲའུ་དབྱི་ཝང་། ༨.ཀྲའུ་ཤའོ་ཝང་། ༩.ཀྲའུ་ཡི་ཝང་། ༡༠.ཀྲའུ་ལི་ཝང་། ༡༡.ཀྲའུ་ཞོན་ཝང་། ༡༢.ཀྲའུ་ཡོའུ་ཝང་བཅས་ཀྱིས་སྤྱི་ལོའི་གོང་གི༡༠༦༦ནས༧༧༡བར་ལོ་གྲངས་༢༩༦རིང་སྲིད་དབང་བཟུང་། སྐབས་དེའི་ས་ཞིང་དབང་བའི་ལམ་ལུགས་ནི་སྐབས་དེའི་རྒྱལ་ཡོངས་ཀྱི་ས་ཞིང་རྣམས་བྲན་གཡོག་བདག་པོའི་རྒྱལ་པོ་ལ་དབང་བ་དང་རྒྱལ་པོས྄་མངའ་འོག་གི་བློན་པོ་རྣམས་ལ་ས་ཞིང་བགོས་ནས་འདེབས་ལས་བྱེད་དུ་བཅུག་ཏེ། ཁོངས་གཏོགས་བློན་པོ་རྣམས་ཀྱིས་ས་ཞིང་རྣམས་རྒྱ་ཡིག་གི་ཡི་གེ“井”གི་དབྱིབས་གཟུགས་ཅན་གྱི་ས་ཞིང་ཡིན་པ་དང་། གླིང་གྲུ་བཞི་མ་རེ་རེའི་རྒྱ་ཁྱོན་ལ་དེང་སང་གི་མུའུ་གྲངས་ལྟར་རྩིས་ན་མུའུ་བརྒྱ་ཙམ་ཡོད། བྲན་གཡོག་རྣམས་ས་ཞིང་དེའི་ཐོག་ངལ་རྩོལ་བྱེད་པའི་དབང་ཆ་ཙམ་ལས་གཞན་གྱི་དབང་ཆ་གང་ཡང་མེད་ཅིང་། ཐ་ན་རང་ཉིད་ཀྱི་སྲོག་ཀྱང་བྲན་གཡོག་བདག་པོར་དབང་བ་ཡིན་པས་བྲན་གཡོག་བདག་པོས་བྲནགཡོག་ཉེས་མེད་དུ་བསད་པའམ་བྲནགཡོག་བདག་པོ་གཞན་དག་ལ་བཙོངས་པ་སོགས་གང་བྱས་ཀྱང་ཆོག་པ་ཡིན་པས་གཉའ་གནོན་བཤུ་གཞོག་གི་གདུག་རྩུབ་ཧ་ཅང་ཆེ་བ་ཡོད། དེ་ནས་ཤིས་ཀྲའུ་རྒྱལ་རབས་ཀྱི་རྒྱལ་པོ་ཐ་མ་ཀྲའུ་ཡོའུ་ལྦང་གིས་སྲིད་དབང་བཟུང་བའི་དུས་སྐབས་སུ་བྲན་གཡོག་བདག་པོ་དང་བྲན་གཡོག་བར་གྱི་གྲལ་རིམ་འགལ་ཟླ་ཚབས་ཆེར་སོང་བ་དང་དུས་མཚུངས། དབང་སྒྱུར་གྲལ་རིམ་ནང་ཁུལ་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་དེའི་ནང་ཀྲའུ་ཡོའུ་ཝང་བསད། ཀྲའུ་ཕིང་ཝང་རྒྱལ་པོའི་གོ་སར་བསྐོས་ཏེ་བྲན་གཡོག་བདག་པོ་ཁག་གཅིག་གི་སྲུང་སྐྱོབ་འོག་སྤྱི་ལོའི་གོང་གི་ལོ༧༧༠ལོར་ཧོ་ནན་གྱི་ལོའོ་ཡེ་ས་གནས(དེར་སང་ཧོ་ནན་ཞིང་ཆེན་གྱི་ལོའོ་ཡང)ལ་སྤོས་ནས་རྒྱལ་ས་བྱས། དེ་ནས་རིམ་བཞིན་སྔ་རྗེས་སུ་རྒྱལ་རབས་ཉི་ཤུ་རྩ་བཞི་བྱུང་བ་དེ་ལ་ལོ་རྒྱུས་ཐོག་ཏུང་། ཀྲའུའམ་ཀྲའུ་ཤར་མ་ཟེར། དེ་ལ་སྔ་རྗེས་སུ་རྒྱལ་རབས་ཉི་ཤུ་རྩ་བཞི་བྱུང་བ་ནི། ༡.ཀྲའུ་ཕིང་ཝང་། ༢.ཀྲའུ་ཧུན་ཝང་། ༣.ཀྲའུ་ཀྲོང་ཝང་། ༤.ཀྲའུ་ལི་ཝང་། ༥.ཀྲའུ་ཧུའི་ཝང་། ༦.ཀྲའུ་ཞིང་ཝང་། ༧.ཀྲའུ་ཅིང་ཝང་། ༨.ཀྲའུ་ཁུའང་ཝང་། ༩.ཀྲའུ་ཏིང་ཝང་། ༡༠.ཀྲའུ་ཇེན་ཝང་། ༡༡.ཀྲའུ་ལིང་ཝང་། ༡༢.ཀྲའུ་ཅིན་ཝང་། ༡༣.ཀྲའུ་ཇིང་ཝང་། ༡༤.ཀྲའུ་ཡོན་ཝང་། ༡༥.ཀྲའུ་ཀྲེན་ཏིང་ཝང་། ༡༦.ཀྲའུ་ཨེད་ཝང་། ༡༧.ཀྲའུ་ཨེན་ཝང་། ༡༨.ཀྲའུ་ཁའོ་ཝང་། ༡༩.ཀྲའུ་ཝེད་རླེས་ཝང་། ༢༠.ཀྲའུ་ཨན་ཝང་། ༢༡.ཀྲའུ་ཀླེས་ཝང་། ༢༢.ཀྲའུ་ཞན་ཝང་། ༢༣.ཀྲའུ་ཅུས་ཅིང་ཝང་། ༢༤.ཀྲའུ་ནན་ཝང་བཅས་ཀྱིས་སྤྱི་ལོའི་གོང་གི་ལོ༧༧༠ནས་༢༤༩ལོའི་བར་ལོ་གྲངས་༥༢༢རིང་སྲིད་དབང་ངཟུང་། གོང་གསལ་ཤིས་ཀྲའུ་རྒྱལ་རབས་ཀྱི་རྒྱལ་པོ་བཅུ་གཉིས་དང་ཏུང་ཀྲའུ་རྒྱབས་རབས་ཀྱི་རྒྱལ་པོ་ཉི་ཤུ་རྩ་བཞི་བསྡོམས་པའི་རྒྱལ་པོ་སུམ་ཅུ་སོ་དྲུག་གི་ལོ་གྲངས་བསྡོམས་ན་ལོ་གྲངས་༨༡༨རིང་སྲིད་བཟུང་། (འདི་ལ<<དེབ་ཐེར་དམར་པོའི>>དཔེ་དེབ་མང་པོ་དང<<རྒྱལ་རབས་གསལ་བའི་མེ་ལོང>>སོགས་མང་པོ་ཞིག་གི་ནང་ཅེའུ་རྒྱལ་པོ་སུམ་ཅུ་སོ་དྲུག་་གིས་ལོ་བརྒྱར་སྲིད་བཟུང་ཞེས་གསལ་བ་ནི་ཡིག་ནོར་ཡིན་ཏེ་རྒྱལ་པོ་སུམ་ཅུ་སོ་དྲུག་གི་སྲིད་ལོ་བསྡོམས་པའི་ལོ་གྲངས་བརྒྱ་ལས་མེད་ན་རྒྱལ་པོ་རེའི་ཐོབ་སྐལ་ཆ་སྙོམས་བྱས་ཚེ་ལོ་གྲངས་གཉིས་རེ་ལས་མེད་པས་ལོ་གྲངས་ཉུང་བའི་སྐྱོན་ཡོད། མི་བཟང་མགོན་པོ་སྐྱབས་ཀྱིས་བརྩམས་པའི<<རྒྱ་ནག་ཆོས་འབྱུང>>ལས་རྒྱལ་པོ་སུམ་ཅུ་སོ་དྲུག་གི་སྲིད་ལོ་བསྡོམས་གྲངས་ལོ༨༧༣ཡིན་པར་བཤད་ཀྱང་། འདིར་རང་རྒྱལ་གྱི་ལོ་རྒྱུས་མཁས་པ་སྐུ་ཞབས་ཧྥན་ཝེན་ལེན(范文澜)གྱིས་བརྩམས་པའི<<ཀྲུང་གོ་ཐུང་ཧྲི>><<中国通史>>དཔེ་དེབ་དང་པོའི་ནང་འཁོད་པ་ལྟར་བྲིས་པ་ཡིན)གོང་གསལ་ཏུང་ཀྲའུ་རྒྱལ་རབས་ཉི་ཤུ་རྩ་བཞིས་ལོ་གྲངས༥༢༢རིང་སྲིད་དབང་བཟུང་བའི་དུས་སྐབས་དེར་ཁྲུན་ཆིའུ(ཆུན་ཆིའུ)དུས་རབས་དང་ཀྲེན་གོ་དུས་རབས་གཉིས་སུ་ཕྱེ་ཞིང་། ཏུང་ཀྲའུ་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཀྲའུ་ཕིང་ཝང་གི་ཁྲི་ལོ་དང་པོ་སྤྱི་ལོའི་གོང་གི་ལོ༧༧༠རྒྱལ་པོ་བཅུ་བཞི་པ་ཀྲའུ་ཡོན་ཝང་གི་ཁྲི་ལོ་དང་པོ་སྤྱི་ལོའི་གོང་གི་ལོ༤༧༥བར་གྱི་དུས་སྐབས་དེ་ནི་ཁྲུན་ཆིའུ་དུས་རབས་ཡིན། དུས་སྐབས་དེ་ནི་ཀྲུང་གོའི་སྤྱི་ཚོགས་དེ་བྲན་གཡོག་ལམ་ལུགས་ནས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་འགྱུར་ལྡོག་འགྲོ་བའི་དུས་སྐབས་ཞིག་ཡིན། རྒྱལ་པོ་བཅུ་བཞི་པ་ཀྲའུ་ཡོན་ཝང་གི་ཁྲི་ལོ་དང་པོ་སྤྱི་ལོའི་གོང་གི་ལོ༤༧༥ལོར་ཀྲའུ་རྒྱལ་རབས་ཀྱི་རྒྱལ་ཕྲན་ཁོངས་གཏོགས་རྣམས་ཕན་ཚུན་འཐབ་འཁྲུག་བྱས་མཐར། ཆིས་རྒྱལ་ཁབ་ཀྱི་བློན་ཆེན་ཏའི་ཧྥུ་ཐིའན་ཧྲིས་སྲིད་འགྱུར་བྱས་ཏེ་ཆིས་རྒྱལ་ཁབ་བཙུགས་པ་ནས་སྤྱི་ལོའི་གོང་གི་ལོ༢༢༡ལོར་ཆིན་རྒྱལ་རབས་ཀྱི་གོང་མ་ཆིན་ཧྲི་ཧོང་གིས་ཀྲུང་གོ་ཡོངས་རྫོགས་གཅིག་གྱུར་མ་བྱས་བར་གྱི་དུས་སྐབས་དེར་ཀྲུང་གོའི་ལོ་རྒྱུས་ཐོག་ཀྲན་གོའི་དུས་སྐབས་ཟེར། ཀྲན་གོའི་དུས་རབས་ངོས་འཛིན་བྱེད་སྐབས་མི་འདྲ་བ་ཁ་ཤས་འདུག་ཀྱང་འདིར་མ་བྲིས། དུས་སྐབས་འདིའི་ཁྱད་ཆོས་གཙོ་བོ་ནི། དེ་སྔོན་རུས་རྒྱུད་ལམ་ལུགས་ཀྱིས་དབང་སྒྱུར་བྱས་པ་དེ་ཡི་ཚབ་ཏུ་ཁྱིམ་རྒྱུད་ལམ་ལུགས་ཀྱི་སྤྱི་ཚོགས་ཆགས་པ་དང་། ས་བདག་གྲལ་རིམ་གསར་དུ་ཐོན་པའི་འགོ་ཚུགས་པ། རུས་རྒྱུད་གཅིག་ལ་ས་ཞིང་དབང་བའི་ལམ་ལུགས་དེའི་ཚབ་ཁྱིམ་རྒྱུད་གཅིག་ལ་ས་ཞིང་དབང་བའི་ལམ་ལུགས་ཀྱིས་བྱས་པ། ལྷག་པར་དུ་སྤྱི་ཚོགས་ལ་གཡོ་འགུལ་ཆེན་པོ་བྱུང་སྟེ། རྒྱལ་པོས་རྒྱལ་ཕྲན་རྣམས་ལ་ཚོད་འཛིན་བྱེད་པའི་ནུས་པ་ཤོར་བའི་ཐོག་རྒྱལ་ཕྲན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེ་རུ་སོང་ནས་རྒྱལ་ཕྲན་རྒྱལ་པོ་ཕན་ཚུན་བར་ལོ༡༨༢རིང་དམག་འཁྲུག་བྱས་ཤིང་། དེའི་ནང་ནས་སྟོབས་ཆེ་བའི་རྒྱལ་ཕྲན་བདུན་ཡོད་པ་ནི། ཧོ་ནན་གྱི་དཀྱིལ་རྒྱུད་དུ་རྒྱལ་ཁབ་གསུམ་སྟེ། ནུབ་ངོས་དང་ཐག་ཉེ་བར་ཧན་རྒྱལ་ཁབ། བྱང་ཕྱོགས་སུ་ཀྲའོ་རྒྱལ་ཁབ། དེ་ཉིད་ཀྱི་དཀྱིལ་དུ་ཝེད། ཤར་ཕྱོགས་སུ་ཆིས་རྒྱལ་ཁབ། ལྷོ་ཕྱོགས་སུ་ཁྲུའུ་རྒྱལ་ཁབ། ནུབ་ཕྱོགས་ཧན་དང་ཝེད་གཉིས་དང་ཐག་ཉེ་སར་ཆིན་རྒྱལ་ཁབ། བྱང་ཕྱོགས་སུ་ཀྲའོ་རྒྱལ་ཁབ། ཡང་བྱང་ངོས་ཡན་རྒྱལ་ཁབ་སྟེ། ལོ་རྒྱུས་ཐོག་པཱ་བདུན་ནམ་བཙན་བདུན་ཟེར་ཞིང་། རྗེས་སུ་གོང་མ་ཆིན་ཧྲི་ཧོང་གི་དུས་སུ་ཚང་མ་རིམ་བཞིན་གཏོར་ནས་ཀྲུང་གོ་ཡོངས་རྫོགས་གཅིག་གྱུར་བྱས། ལོ་རྒྱུས་འདི་རྣམས་སྔར་གྱི་བོད་ཡིག་ཐོག་འཁོད་མེད་པས། ཐེངས་འདིར་སྐུ་ཞབས་ཧྥན་ཝེན་ལེན་གྱིས་བརྩམས་པའི་རྒྱ་ཡིག་གི<<ཀྲུང་གོ་ཐུང་ཧྲི>>ཟེར་བ་ནས་གནད་བསྡུས་བྱས་པ་ཡིན། རྒྱ་ཡིག་མཁྱེན་མཁན་ཚོས་དཔེ་དེབ་དེ་དག་ལ་གཟིགས་པར་ཞུ།
- language:
- Tibetan