- dga' ldan dmag dpon bsod nams rgyal po/
- ID:
- T270796
- དགའ་ལྡན་དམག་དཔོན་བསོད་ནམས་རྒྱལ་པོ (Tibetan, Tibetan script, Original)
- > dga' ldan dmag dpon bsod nams rgyal po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > ganden makpön sönam gyelpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དགའ་ལྡན་དམག་དཔོན་བསོད་ནམས་རྒྱལ་པོ་ནི། སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་བྱུང་བའི་དམག་དཔོན་ཞིག་ཡིན། དེ་ཡང་དང་ཐོག་སྐྱིད་ཤོད་ཡར་ཕྱོགས་གླིང་ཞེས་པར་མི་ཆུང་དོན་རྒྱལ་ཞེས་ཚལ་པ་ཁྲི་དཔོན་དགའ་བདེ་བཟང་པོར་བསྟེན་བཞིན་པ་དེ་དུས་འགྱུར་གྱི་དབང་གིས་སྡེ་སྲིད་ཕག་གྲུའི་ཁོངས་ཀྱི་རྫོང་དཔོན་སྣེལ་པའི་ཕྱག་གཡོག་མཛད་སྐབས་ཉང་བྲན་དགའ་ལྡན(གཞིས་ཀ་ཞིག་གྱི་མི་དཔོན་དུ་བསྐོས་པས་ཁྱིམ་རྒྱུད་ལ་དགའ་ལྡན་པ་ཞེས་པའི་མིང་ཐོག དེའི་བུ་ཆེ་བ་བསོད་ནམས་རྒྱལ་པོ་སྣེལ་པ་དཔལ་འབྱོར་བཟང་པོའི་ཐུགས་བརྩེ་ཆེ་བས་དབྱི་ནག་བསོད་རྒྱལ་དུ་གྲགས། མཐོང་ཆེ་བ་དང༌། དབང་རིས་ཀྱི་འཇའ་ས་གནང༌། དེའི་བུ་ནང་སོ་ནམ་མཁའ་རྒྱལ་པོས་བར་སྐབས་ཆུ་ཤུལ་ལྷུན་པོ་རྩེ་བཟུང༌། སྣེལ་པ་ནང་ཟློས་དུས་རིན་སྤུངས་པའི་དམག་སྙེ་ཐང་དུ་འབྱོར་ཐོག་ཆུ་ཤུལ་དུ་གཏད། དེའི་བུ་བསོད་ནམས་ཀྱི་བྱ་སྤྱོད་སྣེལ་པའི་སྐུ་མཆེད་ཀྱི་ཐུགས་ལ་མ་བབས་པ་བྱུང་སྟབས་རིན་སྤུངས་དོན་ཡོད་རྡོ་རྗེས་སྐྱིད་ཤོད་དུ་དཔུང་འཇུག་སྐབས་རིན་སྤུངས་པར་ངོ་བལྟས་ཀྱང༌། རིང་མིན་ཕག་གྲུའི་དཔུང་གི་རྗེས་སུ་འབྲངས་པས་དགའ་ལྡན་པར་བདེ་ཆེན་དུ་གཏོགས་པའི་ཆུ་ལྷོ་བྱང་རྣམས་གནང༌། དེའི་བུ་ར་ནུ་ལྷ་སྲུང་གིས་ཕག་གྲུའི་སྲིད་རབས་དགུ་པ་ངག་དབང་བཀྲ་ཤིས་གྲགས་པ་དགུང་ལོ་ཉེར་བརྒྱད་དུ་སོན་སྐབས་རབ་བྱུང་དགུ་པའི་ཤིང་ཕག(༡༥༡༥)་ལོར་བསམ་སྡེ་པས་བསླངས་པའི་དམག་འཁྲུག་ལ་རིན་སྤུངས་པའི་ཞལ་ངོ་ཕྱི་མ་རྣམས་ཀྱིས་རྒྱབ་ལངས་བྱས་ཏེ་དམག་འཁྲུག་ལངས་སྐབས་སྐྱིད་ཤོད་དང་འཕན་པོའི་དཔུང་རྣམས་འཁྲིད་དེ་ཤངས(རྣམ་གླིང་རྫོང་ཁོངས)ཀྱི་བར་དུ་སྐྱོད་དུས་རིན་སྤུངས་པས་འབངས་གྱེན་ལོག་བྱེད་པའི་བྱ་བར་རྡུང་རྡེག་ཆེན་པོ་བཏང་བས་ཕག་གྲུ་སྡེ་སྲིད་ནས་དམག་དཔོན་བསོད་ནམས་རྒྱལ་པོའི་མིང་གནང༌། བྱེ་རི་སྟག་རྩེ་བའི་མི་བརྒྱུད་རྫོགས་རྗེས་དགའ་ལྡན་པ་དང་ཁྱོན་སྒྲིལ། དེའི་བུ་ནང་སོ་དོན་གྲུབ་རྒྱལ་པོས་རྫོང་དཔོན་གྱི་ལས་ཀ་བཟུང༌། སྡེ་སྲིད་ཕག་གྲུའི་མི་ངོ་ནང་འགལ་བྱུང་སྐབས་དགའ་ལྡན་པའི་དབང་གིས་སྐྱོར་མོ་ལུང་རྫོང་དམར་འབེབས་སུ་བཏང༌། སྟོད་ལུང་དང༌། འཕན་ཡུལ་གྱི་རྫོང་མངའ་ཞབས་ཕལ་ཆེར་བླངས། ཕག་གྲུའི་དཔུང་གི་རྐང་བྱས་ཏེ་ཆུ་ཤུལ་འབེབས་པ་དང༌། གོང་དཀར་ནས་ཞབས་དྲུང་ངག་དབང་གྲགས་པ་རྩེའི་ཁྲིར་ཕེབས་པའི་ཞབས་འདེགས་ཞུས། དེའི་གཅུང་སྡེ་པ་བཀྲ་ཤིས་རབ་བརྟན་པས་ཡར་རྒྱབ་ནས་ཞབས་འདྲེན་ཞུས་སྐབས་སྐྱིད་ཤོད་ཀྱི་དཔུང་རྣམས་ལྷོ་ཁར་བཏོན་པ་སོགས་སྡེ་སྲིད་ཀྱི་ཞབས་ཏོག་བསྐྲུབས་པར་བརྟེན་གཞིས་ཀ་བྲག་དཀར(ད་ལྟའི་སྟག་རྩེ་རྫོང་གནས་ཡུལ་བདེ་ཆེན)གྱི་རྫོང་དཔོན་གནང༌། སྐྱིད་སྨད་རྣམ་རྒྱལ་སྒང་གི་སྒྲུབ་མཆོད་གླིང་མཁར་དུ་སྣེ་གདོང་དང་ཡར་རྒྱབ་སོགས་ལྷོ་བརྒྱུད་ཀྱི་དཔུང་རྣམས་འབྱོར་པའི་སྟེང་དུ་སྡེ་པ་བཀྲ་ཤིས་རབ་བརྟན་པ་གཉིས་ཀྱིས་འགོ་མཛད་དེ་མཆོངས་པ་དང༌། སྟོད་ལུང་མཚོསྣ་གདོང་དུ་ཡར(རྒྱབ)གོང(དཀར)ཆུ་(ཤུལ)སྙུག་དང༌། གཉལ་བྱར་ལོ་གསུམ། ལྷོ་བྲག དྭགས་ཀོང་དུ་རྒྱལ་བཟང་གི་དཔུང་ཞིབ་སྒྲིལ་བྱུང་བ་བཟློག་ཐུབ་པ་སོགས་དགྲ་འཐབ་ཀྱི་གྲགས་པ་ཆེ་བ་བྱུང་ཐོག ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལའང་མཁས་པ་ཞིག་ཡིན་འདུག
- language:
- Tibetan