- klu gan rkyal/
- ID:
- T270496
- ཀླུ་གན་རྐྱལ (Tibetan, Tibetan script, Original)
- > klu gan rkyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lugen kyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདིའི་སྐོར་ལ་ལྷ་སྒྲུང་དང་འདྲ་བའི་བཤད་ཚུལ་མང་པོ་མཆིས་པའི་ནང་ནས་གྲགས་ཆེ་བ་ནི། བཙན་པོ་ནོ་མོན་ཧན་གྱིས་མཛད་པའི《འཛམ་གླིང་རྒྱས་བཤད》ནང་སྐྱིད་གྲོང་ནས་བལ་ཡུལ་དུ་འགྲོ་བའི་ལམ་བརྒྱུད་དང་ཉེ་བར་གྲོང་ནྱ་ཀོ་ཊ་དང་མི་རིང་བའི་རི་ཁུག་ཅིག་ཏུ་སྒོ་སཱན་སྠིན་ཟེར་བའི་གནས་ཡོད་པ་དེར་འཁྱིལ་ཆུ་མཚོ་དང་འདྲ་བ་ཞིག་གི་ནང་རྡོ་ལས་རང་བྱུང་དུ་གྲུབ་པའི་སྐུ་བརྙན་མིའི་རྣམ་པ་ཅན་མདོག་སྔོ་སྐྱ་ལ་གདོང་ལ་གཟན་ངུར་སྨྲིག་གིས་གཡོགས་པ་ལྟ་བུའི་སྦྲུལ་མགོའི་གདེངས་ཀ་དགུ་ཡོད་པ་དེ་ལ་རྒྱ་གར་གྱི་མུ་སྟེགས་ཆོས་ལུགས་འཛིན་པ་ཁག་གཅིག་གིས་ལྷ་དབང་ཕྱུག་གི་སྐུར་ངོས་བཟུང་ནས་དད་པ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་རྒྱ་གར་དང་བལ་ཡུལ་གྱི་ནང་པ་རྣམས་ཀྱིས་དད་པ་མི་བྱེད་ཅིང་། ལྷག་པར་དུ་བོད་རིགས་ནང་པའི་ཆོས་ལ་དད་པ་རྣམས་ཀྱིས་སྐུ་བརྙན་འདི་ལ་ཀླུ་གན་རྐྱལ་དང་ཀླུ་གདོལ་པ་ཞེས་ཧ་ཅང་གིས་མི་དད་པ་བྱེད་ཀྱི་ཡོད་པ་དང་། སྐུ་བརྙན་འདི་སྟོན་པ་སངས་རྒྱས་འཛམ་གླིང་དུ་མ་བྱོན་གོང་ནས་ཡོད་པ་དང་། སྐབས་དེར་འཇིག་རྟེན་ཐོག་མཐུ་རྩལ་ཆེ་ཤོས་དབང་ཕྱུག་ཡིན་པར་ཁས་ལེན་པའི་དབང་གིས་མུ་སྟེགས་པ་རྣམས་ལ་ལྷ་དབང་ཕྱུག་གི་སྐུ་བརྙན་དུ་གྲགས། རྒྱ་གར་བ་རྣམས་ཀྱིས་སྐུ་འདིའི་མིང་ལ་ནི་ལ་ཀནྠ་ཟེར་བ་དེ་བལ་པོའི་སྐད་དུ་ཟུར་ཆག་ནས་ལི་ལ་ཀན་ཆ་ཟེར་བ་ལྟ་བུ་ཞིག་ཡོད། བལ་པོའི་སྐད་དེ་བོད་སྐད་དུ་ཟུར་ཆག་ནས་ལི་ལ་ཀླུ་དང་། ཀན་ཆ་ལ་གན་རྐྱལ་དུ་གོ་བའི་རྒྱུ་མཚན་གྱིས་ཀླུ་གན་རྐྱལ་དུ་གྲགས། འགའ་ཞིག་གིས་སྐུ་བརྙན་འདི་ཀླུ་ཞིག་གཉིད་ཁུག་པའི་ཕུང་པོ་རྡོ་ལ་གྱུར་པ་ཞིག་ཡིན་པས་གཉིད་སད་ན་གསོན་པོར་ལངས་སྲིད་ཟེར་བ་ཡང་ཡོད་ཚུལ་གསང་སྔགས་ཀྱི་གཞུང་འགའ་ཞིག་ནང་གསལ།
- language:
- Tibetan