Skip to main content Skip to search
karma pa chos dbyings rdo rje/
ID:
T270422
  • ཀརྨ་པ་ཆོས་དབྱིངས་རྡོ་རྗེ (Tibetan, Tibetan script, Original)
    • > karma pa chos dbyings rdo rje/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karmapa chöying dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(ཀརྨ་པ་སྐུ་ཕྲེང་བཅུ་པ)སྨར་སྟོད་ཀི་ཟི་ཐང་ཞེས་པར་ཡབ་ཁྱེའུ་ཐར་དང་། ཡུམཨ་འཚོ་ཞེས་པའི་སྲས་སུ་རབ་བྱུང་བཅུ་པའི་ཤིང་འབྲུག(༡༦༠༤)ལོར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཨོ་རྒྱན་སྐྱབས་ཞེས་ཞུ་ཞིང་། དགུང་ལོ་བརྒྱད་ལ་ཕེབས་པ་ལྕགས་ཕག(༡༦༡༡)ལོར་ཀརྨ་པའི་ཁྲི་ཐོག་ཏུ་མངའ་གསོལ་ཞུས། དགུང་ལོ་བཅུ་གཉིས་ལ་ཕེབས་པ་ཤིངཡོས(༡༦༡༥)ལོར་མཚུར་ཕུའི་གདན་སར་མངའ་གསོལ་ཞིང་། དཔའ་བོ་རིན་པོ་ཆེ་གཙུག་ལག་རྒྱ་མཚོས་ཆོས་དབྱིངས་རྡོ་རྗེ་ཞེས་མཚན་གསོལ། རྗེ་དེ་ཉིད་དང་། ཞྭ་དམར་གར་གྱི་དབང་པོ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་ལུང་ཁྲིད་དབང་སོགས་མཐའ་ཡས་པ་གསན། དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་ཤིང་བྱི(༡༦༢༤)ལོར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དུས་སྐབས་དེར་ཀརྨ་པ་རིན་པོ་ཆེ་ཉིད་ནས་དགེ་ལུགས་ཆོས་བརྒྱུད་འཛིན་སྐྱོང་གནང་མཁན་མཆོག་དམན་ཚང་མར་མཐུན་སྒྲིལ་དམ་གཙང་ཡོང་རྒྱུའི་དགོངས་བཞེད་ཀྱིས་ཐབས་མཁས་མཛད་པ་བསྐྱངས་གང་ཐུབ་གནང་ཡང་རྒྱལ་དབང་ལྔ་པ་ཆེན་པོའི་ཡབ་ཚང་དང་གཙང་པ་སྡེ་སྲིད་བར་ཕན་ཚུན་འགལ་ཟླ་ཆེ་བའི་ཐོག་། གཙང་པ་ཀརྨ་བསྟན་སྐྱོང་གིས་བེ་རི་རྒྱལ་པོ་དོན་ཡོད་དང་ཆ་ཧར་ལེགས་ལྡན་རྒྱལ་པོ་བཅས་དང་ངན་འབྲེལ་བྱས་ཏེ་དགེ་ལུགས་པའི་བླ་དགོན་ཚང་མར་སྡང་ཟུག་ཆེ་བའི་སྐབས་དངའཁེལ་ཏེ་གཙང་བེ་ཆ་གསུམ་གྱི་ངན་གྲོས་ཡི་གེའི་ཐོག་ཀརྨ་པ་རིན་པོ་ཆེའི་ཞབས་འབྲིང་འགའ་ཞིག་ནས་ལྐོག་ཏུ་ཕྱག་ཐམ་བརྐུས་ཏེ་ཆོད་ཡིག་ཐོག་ཕབ་པ་སོགས་རྐྱེན་ངན་མང་པོ་སྣེ་འདོམས་ལ་བརྟེན་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་(༡༦༤༢)ལོར་གུ་ཤི་ཧན་གྱི་དམག་དཔུང་གིས་གཙང་པ་རྒྱལ་པོའི་སྲིད་དབང་རྩ་གཏོར་བཏང་བ་དང་སྟབས་བསྟུན་ལྷོ་བྲག་དང་རྩ་རི་བརྒྱུད་གསང་སྟབས་ཀྱིས་ལྗང་ཡུལ་དུ་བྲོས་བྱོལ་ཕེབས་ཏེ་ཆུ་བྱི(༡༦༧༢)ལོ་བར་ལོ་སུམ་ཅུའི་རིང་ལྗང་ཡུལ་སོགས་ཡུལ་གྲུ་མང་པོར་ཕེབས་ནས་གདུལ་བྱའི་རེ་འདོད་དང་མཐུན་པའི་ཆོས་མང་དུ་གསུངས་ཤིང་། སྐབས་དེར་ལྗང་རྒྱལ་པོས་དགའ་ལྡན་ཕོ་བྲང་སྲིད་གཞུང་ལ་དམག་དྲངས་ཏེ་དགྲ་ཤ་ལེན་རྩིས་བྱས་པར་ཡང་ཆོས་དམ་ཚིག་དང་འབྲེལ་བའི་བཀའ་ནན་པོའི་སྒོ་ནས་བཀག་འགོག་མཛད་པ་སོགས་བསྟན་འགྲོ་སྤྱི་ལ་ཕན་པའི་མཛད་པ་བཟང་པོ་བསྐྱངས་པ་རྣམས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གིས་གསན་ནས་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་མཆོག་མཚུར་ཕུའི་གདན་སར་ཕྱིར་ཕེབས་དང་འབྲེལ་སྔོན་ཆད་ཀྱི་དམ་སེལ་གནས་ཚུལ་སྐོར་གླེང་མེད་ཐུགས་མཐུན་དམ་གཙང་མཛད་རྒྱུའི་ཕྱག་བྲིས་ཕྱག་བསྟར་མ་ཡང་ཡང་གནང་བ་བཞིན། ཆུ་གླང(༡༦༧༣)ལོར་དབུས་སུ་ཕེབས་ཏེ་གོང་ས་ལྔ་པ་རིན་པོ་ཆེ་དང་མཇལ་འཕྲད་བཀུར་བཟོས་འགྲན་ཟླ་མེད་པ་གནང་སྟེ། མཚུར་ཕུའི་གདན་ས་ཆེན་པོར་ལྷོད་བཞུགས་མཛད་ཅིང་། རབ་བྱུང་བཅུ་གཅིག་པའི་ཤིང་སྟག(༡༦༧༤)ལོར་དགུང་ལོ་དོན་གཅིག་ཐོག་སྐུ་གཤེགས། འདིའི་རྣམ་ཐར་སྐོརཀརྨ་པ་སྐུ་ཕྲེང་བཅུ་པཆོས་དབྱིངས་རྡོ་རྗེའི་རྣམ་ཐར་བདུད་རྩིའི་བུམ་བཟང》!བྲིས་མ་ཤོག་གྲངས༤༧ཡོད་པ་ཞིག་འདུག་ཀྱང་ཁོ་བོར་བལྟ། ཀློག་གི་གོ་སྐབས་མ་ཐོབ་ཅིང་། འདིར་བཀོད་པ་ནིན༌རིམ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐརཚིགས་བཅད་མ་ཞྭ་དམར་ཡེ་ཤེས་སྙིང་པོས་མཛད་པ་དང་འབྲེལ་ཡོད་བླ༌མ་གཞན་གྱི་མཛད་རྣམ་ནས་ཕྱོགས་བསྡུས་བྱས་པ་ཡིན།

language:
Tibetan

2. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1604 ལོར་མདོ་ཁམས་སྨར་སྟོད་ཀི་ཟི་ཐང་དུ་ཡབ་ཁྱེའུ་ཐར་དང་། ཡུམ་ཨ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ1674 ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་ཡུམ་གྱིས་ཨོ་རྒྱན་སྐྱབས་ཞེས་བཏགས། ཀཾ་པོ་གངས་ར་ནས་རྨ་ཆེན་[16]སྤོམ་རའི་བར་དུ་ཞབས་ཀྱིས་བཅགས་ཚེ་ཡུལ་ལྷ་གཞི་བདག་གིས་གསེར་སྐྱེམས་དང་མཆོད་འབུལ་ཞུ་བ་མངོན་སུམ་དུ་བྱུང་། འཇང་བོད་སོགས་མཆོག་དམན་གྱི་སྐྱེ་འགྲོ་རྣམས་དགེ་བའི་ལམ་བཟང་དུ་སྨིན་པར་མཛད། དབུས་གཙང་སོགས་སུ་ཆིབས་ཁ་བསྒྱུར་སྐབས་ཕ་ཝང་རོག་གཏམ་ཞེས་པ་ལ་ཞབས་རྗེས་བྱོན་པ་དང་བྱང་ཆུབ་དགོན་དུ་འབྲི་ཆུའི་གནོད་པ་བཟློག་པར་མཛད། རྗེ་བཙུན་གཙུག་ལག་རྒྱ་མཚོས་གཙུག་ཕུད་བཞེས། ས་སྐྱོང་ཀརྨ་བསྟན་སྐྱོང་དབང་པོས་རྒྱལ་རྩེར་སྤྱན་དྲངས་ཏེ་འབྱོར་བ་རྒྱ་ཆེན་པོའི་མཆོད་པ་དང་། དགེ་འདུན་ཚོགས་པ་རྒྱ་ཆེའི་དབུས་སུ་སྨོན་ལམ་གྱི་མཛད་སྒོ་གནང་། དགུང་ལོ་ཞེ་གཅིག་པར་བསྙེན་པར་རྫོགས་པ་མཛད། སོག་པོ་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་ནས་ཡོན་བདག་གཙང་པ་སྡེ་སྲིད་རྩ་གཏོར་བཏང་བར་རྟེན། ཁོང་ཁམས་ཕྱོགས་བརྒྱུད་འཇང་ཡུལ་དུ་བྱོན། འཇང་དུ་དགོན་ཁག་བཅུ་གསུམ་གསར་འདེབས་མཛད་ཅིང་། ཀརྨ་བཀའ་བརྒྱུད་ཀྱི་ཆོས་ལུགས་དར་སྤེལ་རྒྱ་ཆེར་མཛད། དེ་ནས་རྒྱལ་དབང་ལྔ་བ་ཆེན་པོས་བོད་དུ་འབྱོར་དགོས་པའི་བཀའ་ལྟར་མཇལ་འཕྲད་གྲུབ། སེམས་ཅན་དབུལ་ཕོངས་ཅན་རྣམས་ལ་ཟང་ཟིང་གིས་ཚིམས་པར་མཛད། སྣང་སྲིད་བདེན་མེད་དུ་གཟིགས་པས་དགའ་སྡུག་གི་སྣང་བ་མི་མངའ། གནོད་སྐྱོན་སྐྱེལ་མཁན་རྣམས་ལ་འཁོན་འཛིན་མེད་ཅིང་ལྷག་པར་བརྩེ་བར་མཛད། ཐུགས་མཉམ་རྗེས་བྲལ་བའི་ཏིང་ངེ་འཛིན་ལས་མི་གཡོ་བ་ཞིག་བཞུགས་སོ། ཁོང་ནི་ཀརྨ་པའི་སྐུ་ཕྲེང་བཅུ་པ་ཡིན། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཞྭ་[17]དམར་ཡེ་ཤེས་སྙིང་པོ་དང་། རྒྱལ་ཚབ་ནོར་བུ་བཟང་པོ། དཔའ་བོ་འཕྲིན་ལས་རྒྱ་མཚོ། སི་ཏུ་མི་ཕམ་འཕྲིན་ལས་རབ་བརྟན། གནས་མདོ་ཀརྨ་ཆགས་མེད། ཁྱབ་བདག་གྲུབ་མཆོག་དབང་པོ། ཁ་རེག་ཀརྨ་བསྟན་སྲུང་བཅས་ཡིན།

language:
Tibetan