- bye brag pa'i rig pa
- ID:
- T238086
- བྱེ་བྲག་པའི་རིག་པ (Tibetan, Tibetan script, Original)
- > bye brag pa'i rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > jedrakpé rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་གྲགས་ཆེ་བའི་གྲས་བྱེ་བྲག་པའི་རིག་པ་གཞུང་ལུགས་ཏེ། འདིས་འུག་པ་ལྟར་འཛིན་པས་འུག་པ་དང་དྲང་སྲོང་གཟེགས་ཟན་གྱི་རྗེས་སུ་འབྲངས་པས་ན་གཟེགས་ཟན་པ། དངོས་པོ་རྣམས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་ན་བྱེ་བྲག་པ་ཞེས་ཟེར། འདིས་ཤེས་བྱ་ཐམས་ཅད་ཚིག་གི་དོན་ཏུ་འདུས་པར་འདོད་ཅིང་། དེ་དག་གི་ངོས་འཛིན་མདོར་བསྡུས་ན། དང་པོ་རྫས་ནི། རང་རྐྱ་ཐུབ་པས་གཞན་ལ་བརྟེན་མི་དགོས་པ་དང་ཡོན་ཏན་གཞན་གྱི་རྟེན་པ་ཞིག་ཡིན། དེ་ལ་ནང་གསེས་ཀྱིས་དབྱེ་ན། ཐམས་ཅད་སོང་བ་མ་ཡིན་པའི་རྫས་དང་ཐམས་ཅད་དུ་སོང་བའི་རྫས་གཉིས་ཡོད། ༡.ས། ཆུ། མེ། རླུང་། ཡིད་བཅས་ལྔ་པོ་དེ་ཡིན། ༢.བདག དུས། ཕྱོགས། ནམ་མཁའ་བཅས་བཞི་པོ་དེ་ཡིན། གཉིས་པ་ཡོན་ཏན་ནི། རྫས་ལ་བརྟེན་པ། ཡོན་ཏན་ལ་གཞན་གྱི་རྟེན་མ་ཡིན་པ། འཕྲོད་པ་འདུ་བའི་རྒྱུ་བྱེད་པ། རྟགས་ལ་མི་ལྟོས་པ་ཞིག་བཅས་ཡིན། དེ་ལ་ནང་གསེས་ཉི་ཤུ་རྩ་བཞི་ཡོད། ༡.གཟུགས། ༢.དྲི། ༣.རོ། ༤.རེག ༥.གྲངས། ༦.ཚད། ༧.སོ་སོ་བ། ༨.ལྡན་པ། ༩.རྣམ་པར་དབྱེ་བ། ༡༠.གཞན། ༡༡.གཞན་མ་ཡིན་པ། ༡༢.བློ་རྣམས། ༡༣.བདེ་བ། ༡༤.སྡུག་བསྔལ། ༡༥.འདོད་པ། ༡༦.སྡང་བ། ༡༧.འབད་པ། ༡༨.ལྕི་བ། ༡༩.གཤེར་བ། ༢༠.དྲོ་བ། ༢༡.སྣུམ་པ། ༢༢.འདུས་བྱས། ༢༣.ཆོས། ༢༤.ཆོས་མ་ཡིན་པ་བཅས་ཡིན། དེ་དག་གང་དང་གང་གི་ཡོན་ཏན་ཡིན་པ་ནི། གཟུགས་ནི་མིག་ཤེས་ཀྱི་གཟུང་བྱ་ཡིན་པས་ས་ཆུ་མེ་གསུམ་གྱི་ཡོན་ཏན། དྲི་ནི་སྣའི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་ས་ཡི་ཡོན་ཏན། རོ་ནི་ལྩེའི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་ས་ཆུ་གཉིས་ཀྱི་ཡོན་ཏན། རེག་བྱ་ནི་ལུས་ཀྱི་རྣམ་ཤེས་ཀྱི་གཟུང་བྱ་ཡིན་པས་འབྱུང་བ་བཞི་ཀའི་ཡོན་ཏན་ཡིན་པ་ལྟ་བུའོ། གསུམ་པ་ལས་ནི་བརྐྱངས་བསྐུམ་འདེགས་འཇོག་འགྲོ་བ་བཅས་ཡིན། བཞི་པ་སྤྱི་ནི་ཡོད་པ་ཉིད་ལྟ་བུ་ཐམས་ཅད་ལ་ཁྱབ་པ་ཡིན་ཞིང་། བ་ལང་ཉིད་དང་ཤིང་ཉིད་ཅེས་ལྟ་བུ་ཉི་ཚེ་སྤྱི་ཡིན། ལྔ་པ་བྱེ་བྲག་ནི། ཕན་ཚུན་མ་འདྲེས་པར་གནས་པའི་དངོས་པོ་ཞིག་ཡིན། དྲུག་པ་འདུ་བ་ནི། རྫས་ལ་སོགས་པ་རྟེན་དང་རྟེན་ཅན་དུ་འདུ་ཞིང་ཚིག་དོན་ལྔ་པོ་དེ་ལས་ངོ་བོ་གཞན་ཡིན་པ་ཞིག་གོ། བྱེ་བྲག་པའི་ལྟ་ཚུལ་ཞིབ་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི《དབུ་མ་རྟོག་གེ་འབར་བ》དང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི《དབུ་མ་འཇུག་པ》རྩ་འགྲེལ། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི《ཚད་པ་རྣམ་འགྲེལ》སོགས་ཚད་མའི་གཞུང་དང་། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི《གྲུབ་མཐའ་ཆེན་མོ》 ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི《གྲུབ་མཐའི་རྣམ་བཤད》བཅས་སུ་གསལ།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་གྲགས་ཆེ་བའི་གྲས་བྱེ་བྲག་པའི་རིག་པའི་གཞུང་ལུགས་ཏེ། འདིས་འུག་པ་ལྷར་འཛིན་པས་འུག་པ་དང་དྲང་སྲོང་གཟེགས་ཟན་གྱི་རྗེས་སུ་འབྲངས་པས་ན་གཟེགས་ཟན་པ། དངོས་པོ་རྣམས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་ན་བྱེ་བྲག་པ་ཞེས་ཟེར། འདིས་ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག (རྫས། ཡོན་ཏན། ལས། སྤྱི། བྱེ་བྲག འདུ་བ) ཏུ་འདུས་པར་འདོད་དོ། །
- language:
- Tibetan