- bod mi'i gnyen sgrig goms srol
- ID:
- T237758
- བོད་མིའི་གཉེན་སྒྲིག་གོམས་སྲོལ (Tibetan, Tibetan script, Original)
- > bod mi'i gnyen sgrig goms srol (Tibetan, Latin script, Transliteration-THL Extended Wylie Transliteration)
- > bö mi nyen drik gom sol (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གཞོན་ནུ་ཕོ་མོ་རྣམས་ནར་སོན་སྟེ་གཉེན་སྒྲིག་བྱ་རྒྱུ་ནི། ཁོ་ཚོའི་མི་ཚེའི་ནང་གི་དོན་ཆེན་ཞིག་ཡིན་པས་བོད་མི་ཚོས་མི་རིགས་གཞན་དང་འདྲ་བར་རང་གི་བུ་ཕྲུག་འགྲོ་སྟངས་བཟོ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ཏེ་ཧ་ཅང་གཟབ་ནན་ཏན་ཏིག་བྱེད་པ་རེད། དེ་སྔོན་ལྷ་ས་ཁུལ་དུ་བོད་རིགས་ས་ཁུལ་གཞན་དང་འདྲ་བར་བུ་ཕྲུག་གི་གཉེན་སྒྲིག་བྱ་རྒྱུ་དེ་ཡོངས་སུ་ཕ་མའི་ལས་འགན་ཡིན་པ་ལས་གཞོན་ནུས་རང་གི་གཉེན་སྒྲིག་སྐོར་ལ་རང་ཉིད་ཀྱིས་ཇུས་གཏོགས་བྱས་ནས་ཕ་མར་གྲོས་འདྲི་རྒྱུ་ལྟ་ཅི། སྤུན་ཉེ་རྣམས་ལའང་ཚེར་སྣང་ཆེན་པོ་བྱས་ནས་ཕོ་མོའི་སྐོར་ཡེ་ནས་མི་གླིང་། དེང་སྐབས་ཀྱི་གནས་ཚུལ་དང་བསྡུར་ན་དེ་སྔ་གཞོན་ནུ་རྣམས་གཉེན་སྒྲིག་བྱེད་པའི་ལོ་ཚད་རྒྱ་ཁྱབ་ཀྱི་སྔ་བ་ཡོད། དཔེར་ན་བོད་ཀྱི་གྲགས་ཅན་རྩོམ་པ་པོ་རྡོ་རིང་བསྟན་འཛིན་དཔལ་དབྱོར་གྱི་མདུན་ཐབས་སུ་ཤངས་བཀྲ་ཤིས་རྩེ་བའི་བུ་མོ་རྣམ་རྒྱལ་སྒྲོལ་མ་རང་ལོ་བཅུ་གཅིག་གི་ཐོག་ལ་མནའ་མར་བླངས་པ་ལྟ་བུ་སྟེ། སྐབས་དེར་བུ་ཡིན་ན་ལོ་བཅུ་གྲངས་ལ་སླེབས་སྐབས་ཕ་མ་ཚོས་རིགས་རུས་དང་། སྤྱི་ཚོགས་ཀྱི་གནས་བབ་ཆ་མཚུངས་སམ། མཐོ་གྲས་རྣམས་ཀྱི་བུ་མོ་མང་པོར་བརྟག་དཔྱད་གཟབ་ནན་བྱས་རྗེས། མནའ་མར་འོས་སོ་སྙམ་པའི་བུ་མོ་ཁ་ཤས་ཀྱི་མིང་དང་ལོ་རྟགས་བཅས་བླངས་ཏེ་ལོ་རྟགས་ཀྱི་བདུན་ཟུར་ཏེ་བྱི་རྟ་རྨིག་པའི་བདུན་ཟུར་ཞེས་པ་སོགས་ལོ་རྟགས་མི་འཐུན་པ་ཁག་དྲུག་ཡོད་པ་རྣམས་གཉེན་སྒྲིག་བྱ་རྒྱུའི་བུ་དང་བུ་མོའི་ལོ་རྟགས་བདུན་ཟུར་བར་མི་འཁེལ་བ་བྱེད། དེ་ནས་མིང་དང་ལོ་རྟགས་རྣམས་རྩིས་མཁན་གྱིས་བག་རྩིས་ཀྱི་གཞུང་ལས་རྟགས་ཏེ་བཟང་བ་གཉིས་གསུམ་ཞིག་རང་རང་སོ་སོའི་བླ་མའམ་ཆོས་སྐྱོང་ལ་བརྟག་ཞུར་ཕུལ་ཏེ་བཟང་ཤོས་དེ་མནའ་མར་ལེན་རྒྱུའི་གཏན་འབེབས་བྱེད། ཆང་སའི་བྱེད་སྒོ་དང་པོ་ནི་སློང་ཆང་གཏོང་རྒྱུ་དེ་ཡིན་ཞིང་། དེའི་ཉིན་བུའི་ཕ་མའམ་ཡང་ན་ངོ་ཚབ་སོང་སྟེ་བུ་མོའི་ཁྱིམ་དུ་མཛད་སྒོ་དང་བཅས་བུ་མོའི་ཕ་མར་ནུ་རིན་ཞེས་ཁ་བཏགས་དང་། དངུལ། ལག་རྟགས་ཕྲན་བུ་སྤྲོད་པར་བྱེད་ལ། བུ་མོ་མནའ་མར་སྟེར་རྒྱུ་ཐག་ཆོད་ན་དེ་ཉིན་ཕན་ཚུན་གཉིས་ཀྱི་ཕ་མ་དང་གཉེན་དཔང་བཅས་འཛོམས་ཐོག་ཏུ་གཉེན་ཡིག་འཇོག་པར་བྱེད། གལ་ཏེ་བུའི་རིགས་རུས་དང་། ཀུན་སྤྱོད། ཁྱིམ་ཚང་གི་གནས་བབས་སོགས་ལ་མ་མོས་ན་བུ་མོ་མནའ་མར་མི་སྟེར་བ་ལས་སློང་ཆང་ཉིན་གྱི་ནུ་རིན་དང་ལག་རྟགས་ཆེ་ཆུང་ལ་བལྟས་ནས་བུ་མོ་སྟེར་མི་སྟེར་གྱི་ཐག་གཅོད་བྱེད་པའི་སྲོལ་མེད། དེ་བཞིན་བུ་མོའི་ཁྱིམ་ནས་མནའ་མར་འགྲོ་མཁན་བུ་མོ་དེར་ཁྱིམ་ཚང་གི་འཁོས་བབ་ལ་གཞིགས་པའི་སྐལ་བ་ཕ་མས་བློས་བཅད་དེ་བསྐུལ་བར་བྱེད་པ་ལས་བུའི་ཁྱིམ་ནས་མནའ་མའི་སྐལ་ཐོབ་ཆེ་ཆུང་ལ་རྩོད་གླེང་བྱེད་སྲོལ་ཡེ་ནས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་མནའ་མའི་ཁྱིམ་ནས་བུ་མོར་རྒྱན་གོས་སོགས་ཀྱི་སྐལ་བ་བསྐུར་དགོས་པར་བརྟེན། བུ་མོ་མང་བའི་ཁྱིམ་ཚང་གི་ཕ་མ་རྣམས་ཅུང་སེམས་ནད་ཆེ་ཙམ་ཡོད། དེ་ཡང་བུ་མོར་སྐལ་བ་ཉུང་ངུ་ཞིག་ལས་མ་བསྐུར་ན་གཉའ་དམའ་པོ་བྱས་ཡོང་བསམ་པ་ལས་སྐལ་བ་ཉུང་ན་མནའ་མར་ལེན་མཁན་མི་ཡོང་སྙམ་པའི་སེམས་ཁྲལ་བྱེད་དགོས་པ་ཞིག་མ་ཡིན། སློང་ཆང་བཏང་ཟིན་རྗེས་མནའ་མ་དངོས་གཞི་བསུ་བའི་སྐབས་སུ་བླ་མཁྱེན་གྱི་རྩིས་འབྲས་དང་བསྟུན་གཟའ་ཚེས་བཟང་བ་ཞིག་ཉིན་བུའི་ཁྱིམ་ཚང་དུ་མཛད་སྒོའི་ཐོག་ཏུ་བུའི་ཕ་མ་དང་བག་མ་བསུ་བར་འགྲོ་མཁན་གྱི་སྐུ་ཚབ་རྣམས་ཀྱང་བཞུགས་གྲལ་དུ་འཁོད་པའི་དབུས་སུ་མནའ་མར་འཛུགས་བྱེད་ཀྱི་མདའ་དར་གྲོ་འབོའི་སྟེང་ནས་བུའི་ལག་པ་བརྒྱུད་དེ་སྐུ་ཚབ་ལ་སྤྲད་རྗེས་སྐུ་ཚབ་ཀྱིས་མདའ་དར་དེ་འཁུར་ཏེ་བག་བསུའི་རྟ་རགས་ཀྱི་དབུས་སུ་བག་མ་བསུ་བར་ཐོན། མནའ་མའི་སྒོ་འགྲམ་དུ་འབྱོར་སྐབས་བསུ་བ་རྒྱ་ཆེའི་ཐོག་དགའ་སྐྱིད་ངང་ཞག་སྡོད་བྱས། དེའི་སང་ཉིན་ནམ་ཚེས་ཆ་སྐབས་བསྟུན་གྱིས་སྔ་དྲོར་མནའ་མའི་ཁྱིམ་དུ་མཛད་སྒོ་གཟབ་རྒྱས་ཐོག་ཏུ་སྐུ་ཚབ་ཀྱིས་མདའ་དར་གྱི་བཤད་པ་རྒྱས་པར་བརྒྱབ་ནས་མནའ་མར་མདའ་དར་གོང་བའི་ནང་དུ་བཙུགས། མནའ་མའི་ཁྱིམ་གྱི་སྲུང་མ་དང་ཡུལ་ལྷ་བཅས་ལ་མནའ་མ་གསོལ་རས་ཞུ་བའི་ལྷ་འཁྲོལ་གྱི་གསོལ་མཆོད་བྱེད་པ་སོགས་ཀྱི་བྱེད་སྒོ་རྣམས་ཟིན་རྗེས་བག་མ་དངོས་སུ་ཐོན་སྐབས་རིགས་ཀྱི་མྱུ་གུ་དང་ལྡན་པར་གྱུར་པའི་རྟེན་འབྲེལ་དུ་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་རྟ་རྒོད་མ་རྟེའུ་བཙས་རྒྱུ་ཡོད་པ་ཞིག་ལ་བསྐྱོན། མདུན་དུ་གནོད་སྲུང་ཤིས་སྤེལ་ཆེད་ལག་སྟོད་པ་སོགས་སྔགས་འཆང་ཞིག་གིས་སྲིད་པ་ཧོའི་རྒྱབ་ཡིག་ཀློག་པ་དང་འཕྲིན་བཅོལ་ཟིན་རྗེས་སྲིད་པ་ཧོ་དར་ཤིང་ལ་བསྒྲོགས་ནས་རྟ་རགས་ཀྱི་སྣེ་དྲངས་ཏེ་བག་མ་བསུ་མཁན་རྣམས་བག་མའི་སྔོན་དང་། སྐྱེལ་མཁན་བག་གཡོག་དང་བཅས་པ་བག་མའི་རྗེས་སུ་རྟ་རགས་བསྒྲིགས་ཏེ་ལམ་དུ་ཞུགས། ལམ་བར་དུ་ཆུ་སྣ་དང་ཕུང་པོ་སྐྱེལ་མཁན་འགྲོ་བ་འཕྲད་ན་མགྲོན་ཆེན་ལ་གྲོགས་ཆེན་ཐུག་པ་ཞེས་རྟེན་འབྲེལ་དུ་བརྩིས་ནས་ཁ་བཏགས་གཡོག་པ་དང་། དེ་ཉིན་གངས་བཏང་བ་ཡིན་ན་བག་ལམ་ཁ་བས་འགག་ཅེས་ལྟས་མི་ལེགས་པར་བརྩི་བར་བྱེད། ལམ་བར་དུ་བུའི་ཁྱིམ་ནས་བསུ་ཆང་དང་པོ། གཉིས་པ། གསུམ་པ་བཅས་བསུ་བ་ལན་ཁ་ཤས་བརྒྱུད་བུའི་ཁྱིམ་དུ་སླེབས་མཚམས་རྒྱས་པར་བྱེད་ན་སྒོ་བཤད་དང་འབེབས་བཤད་སོགས་བྱེད་སྲོལ་ཡོད། བུའི་ཁྱིམ་གྱི་ཚོམས་ཆེན་དུ་བུ་དང་བག་མ་གཉིས་ཁྲི་སྟེང་དུ་འཁོད་རྗེས་ཕ་མ་སྤུན་མཆེད་ཉེ་ལྟོས་དང་ཕན་ཚུན་གཉིས་ཀྱི་སྐུ་ཚབ་བསུ་སྐྱེལ་བ་རྣམས་ཀྱང་བཞུགས་གྲལ་བསྒྲིགས་ཏེ་གྲོ་སོ་ཕྱེ་མ་དང་། ཆང་ཕུད། གྲོ་འབྲས་བཏང་རྗེས་ལེགས་དར་གཡོག་པ་དང་། འབུལ་མཚན་བཏེགས་པ། གཞས་ཆེན་བཏང་བ་སོགས་མཛད་སྒོ་གཟབ་རྒྱས་ཟིན་རྗེས་བུ་མོའི་ཁྱིམ་གྱི་སྐུ་ཚབ་ནས་དར་བཤད་དང་འབྲེལ་ཁམས་མཐུན་དར་འཛུགས་ཟིན་པ་དང་ཞོགས་ཟས་དང་། ཉིན་དགུང་། དགོང་དྲོ་བཅས་ཀྱི་གསོལ་སྟོན་རིམ་བཞིན་བཤམས། དེའི་མཚན་མོ་བུ་དང་མནའ་མ་གཉིས་ཀྱི་མལ་གདན་ཐོག་ཏུ་གྲོ་ཡིས་གཡུང་དྲུང་གི་གཟུགས་དབྱིབས་བསྒྲིགས། དེའི་ཐོག་ཏུ་མལ་ཁེབས་བཅོས་ནས་སང་ཉིན་སྔ་དྲོ་གཡུང་དྲུང་གི་གཟུགས་དབྱིབས་ཐོར་གཞིག་ཏུ་སོང་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་སྲོལ་ཡང་ཡོད། དེ་ནས་རང་གི་འཁོས་འབྱོར་ལ་གཞིགས་ནས་གསོལ་སྟོན་ཉིན་ཤས་གཏོང་བར་བྱེད། སྐབས་དེར་གཉེན་སྒྲིག་གི་གསོལ་སྟོན་ལ་མགྲོན་པོར་མགྲོན་བརྟ་གཏོང་སྲོལ་མེད་། དགའ་ཉེ་སྤུན་མཆེད་དང་བཅས་པས་འོས་སེང་ཨང་གསར་གྱིས་རྟེན་འབྲེལ་ཞུ་བར་འགྲོ་བ་མ་ཟད། ཉེ་བ་རྣམས་ཀྱིས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་ཉིན་གང་གསོལ་སྟོན་གཤོམ་པར་བྱེད། གོང་དུ་སྨོས་པ་ནི་བག་མ་བསུ་ལེན་གྱི་བྱེད་སྒོ་མདོར་བསྟུས་ཤིག་ཡིན། དེ་སྔ་བྱེད་སྒོ་རེ་རེ་བཞིན་དུ། མདའ་བཤད། འབེབས་བཤད། སྒོ་བཤད། གཡུ་བཤད་སོགས་བཤད་པ་མང་ཞིང་། མཛད་སྒོའི་སྐབས་སུ་གཞས་ཆེན་རྒྱག་པ། མི་དྲག་འབྱོད་ལྡན་གྱི་གཉེན་སྒྲིག་ཡིན་ན་ཟླ་ཕྱེད་ལྷག་ཙམ་ཉིན་གང་གསོལ་སྟོན་གཏོང་བའི་རིང་ལ་རོལ་དབྱངས་གླུ་གར་དང་ཕོ་རྩལ་འགྲན་པ་སོགས་སྒྱུ་རྩལ་གྱི་རྣམ་གྲངས་ཡང་མང་པོ་བྱེད། ལྷ་སའི་སྤྱིར་བཏང་གི་གྲོང་མི་འབྱོར་པ་ཆུང་བ་རྣམས་ཀྱི་བུ་ཕྲུག་གཉེན་སྒྲིག་བྱེད་སྐབས་སུ་འཁོས་བབ་ཀྱིས་རྐྱེན་པས་མཛད་སྒོ་དང་གསོལ་སྟོན་དེ་ལྟ་བུའི་རྒྱས་པོ་བྱ་ཐབས་བྲལ་ཡང་ལྷ་ས་བ་རྣམས་ནི་རྟེན་འབྲེལ་ལ་བརྩི་ཆེ་བས་གོམས་གཤིས་ཀྱི་བྱེད་སྒོ་རྣམས་དཔལ་འབྱོར་འཁོས་བབ་ལ་གཞིགས་ཏེ་བྱེད་གང་ཐུབ་བྱེད་པ་རེད། བག་མ་བསུ་ལེན་གྱི་བྱེད་སྒོ་རྣམས་ཟིན་པའི་རྗེས་སུ་མནའ་མ་ནི་རང་འདོད་ལྟར་རང་གི་ཕ་མའི་ཁྱིམ་དུ་འགྲོ་མི་ཆོག་པར་གཟའ་ཚེས་བཟང་བ་ཞིག་ལ་མནའ་མ་དང་བུའི་ཕ་མ་དང་བཅས་པ་མནའ་མའི་ཁྱིམ་དུ་སོང་སྟེ་གཉེན་འཕྲད་ཀྱི་མཛད་སྒོ་བྱེད་པ་དང་ཉིན་ཤས་སྤྲོ་སྐྱིད་གཏོང་བ་བྱེད། དེ་ནས་བཟུང་མནའ་མས་རང་གི་ཕ་མ་ཐུག་འཕྲད་ལ་འགྲོ་བར་དགག་བྱ་མེད། དེ་སྔའི་གཉེན་སྒྲིག་མང་ཆེ་བ་ཕ་མས་ཐག་གཅོད་བྱས་པར་བརྟེན་གཉེན་སྒྲིག་མ་བྱས་གོང་དུ་བུ་དང་བུ་མོ་ཕན་ཚུན་མཐོང་རེས་ཙམ་ཡང་མེད་པའི་རྐྱེན་གྱིས་མནའ་མ་རྟ་ཐོག་ཏུ་ངུ་འབོད་བྱེད་དགོས་པ་བྱུང་ཞིང་། ཕ་མས་རང་གི་ཁྱིམ་གཞིས་ཁ་ཐོར་དུ་མི་འགྲོ་བ་དང་བུ་ཕྲུག་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་ཁྱིམ་ཐབས་བྱེད་པའི་རེ་བ་བཅངས་ཏེ་བུ་གཉིས་ལ་མནའ་མ་གཅིག་ལེན་མཁན་ཡོད་ལ། བུ་མོ་གཉིས་ལ་མག་པ་གཅིག་ལེན་མཁན་ཡང་ཡོད། དེང་སྐབས་གཉེན་སྒྲིག་གི་དགའ་སྟོན་ལ་བུའི་ལས་ཁུངས་དང་བུ་མོའི་ལས་ཁུངས་ཀྱི་ལས་རོགས་དང་། གྲོགས་པོ་གྲོགས་མོ་སོགས་རྟེན་འབྲེལ་ཞུ་མཁན་ཧ་ཅང་མང་བས་གོམས་གཤིས་ཀྱི་མཛད་སྒོ་རྣམས་ཕན་ཚུན་གྱི་ནང་མི་ཙམ་ལས་མེད་པའི་ནང་ཁུལ་དུ་བྱས་ཏེ་སྐུ་མགྲོན་ཕེབས་སྐབས་བུ་དང་བུ་མོ་གཉིས་གདན་ཐོག་ཏུ་བསྡད་དེ་ཁ་བཏགས་ལེན་པ་ཙམ་གྱི་མཛད་སྒོའི་མཚོན་བྱེད་དང་། དེ་མིན་གྱི་བྱེད་སྒོ་ཁག་འགའ་རེས་རྒྱས་ཙམ་དང་འགའ་རེས་སྟབས་བདེ་སོགས་འདྲ་མིན་སྣ་ཚོགས་བྱེད་པ་བཅས་ཡིན།
- language:
- Tibetan
2. Thupten Phuntsok Dictionary
གཞོན་ནུ་ཕོ་མོ་རྣམས་ནར་སོན་ཏེ་གཉེན་སྒྲིག་བྱ་རྒྱུ་ནི། ཁོ་ཚོའི་མི་ཚེའི་ནང་གི་དོན་ཆེན་ཞིག་ཡིན་པས་བོད་མི་ཚོས་མི་རིགས་གཞན་དང་འདྲ་བར་རང་གི་བུ་ཕྲུག་འགྲོ་སྟངས་བཟོ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ཏེ་ཧ་ཅང་གཟབ་ནན་ཏན་ཏིག་བྱེད་པ་རེད། དེ་སྔོན་ལྷ་ས་ཁུལ་དུ་བོད་རིགས་ས་ཁུལ་གཞན་དང་འདྲ་བར་བུ་ཕྲུག་གི་གཉེན་སྒྲིག་བྱ་རྒྱུ་དེ་ཡོངས་སུ་ཕ་མའི་ལས་འགན་ཡིན་པ་ལས་གཞོན་ནུས་རང་གི་གཉེན་སྒྲིག་སྐོར་ལ་རང་ཉིད་ཀྱིས་ཇུས་གཏོགས་བྱས་ནས་ཕ་མར་གྲོས་འདྲི་རྒྱུ་ལྟ་ཅི། སྤུན་ཉེ་རྣམས་ལའང་འཚེར་སྣང་ཆེན་པོ་བྱས་ནས་ཕོ་མོའི་སྐོར་ཡེ་ནས་མི་གླེང་། དེང་སྐབས་ཀྱི་གནས་ཚུལ་དང་བསྡུར་ན་དེ་སྔ་གཞོན་ནུ་རྣམས་གཉེན་སྒྲིག་བྱེད་པའི་ལོ་ཚད་རྒྱ་ཁྱབ་ཀྱིས་སྔ་བ་ཡོད་དོ། །
- language:
- Tibetan