- dpal 'khor chos kyi sde chen po
- ID:
- T235983
- དཔལ་འཁོར་ཆོས་ཀྱི་སྡེ་ཆེན་པོ (Tibetan, Tibetan script, Original)
- > dpal 'khor chos kyi sde chen po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pal khor chö kyi dé chenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་)དགོན་པ་དེ་གཞིས་རྩེ་ས་ཁུལ་ཁོངས་རྒྱལ་རྩེ་གྲོང་ནང་དུ་གནས་ཤིང་། རབ་བྱུང་བདུན་པའི་ཆུ་སྦྲུལ་(༡༤༡༣)ལོར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་ཐོག་མར་ཉང་སྟོད་ལྕང་ར་དགོན་པ་བཏབ། རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་སློབ་དཔོན་དུ་གདན་དྲངས་ཏེ་རང་ཉིད་ཀྱི་ཡབ་ནང་ཆེན་ཀུན་དགའ་འཕགས་ཀྱི་དགོངས་རྫོགས་སུ་དམིགས་ནས་གསང་སྔགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་སྒྲུབ་མཆོད་ཆོག་གྲྭ་སུམ་ཅུ་སོ་བདུན་ཡོད་པ་བཙུགས་ཤིང་། དེའི་མཆོད་རྒྱུན་དུ་དམིགས་པའི་མཆོས་གཞིས་སོན་འབྲུ་ཁལ་བཞི་བརྒྱ་དགུ་བཅུ་གོ་དགུ་དང་བྲེ་བཞི་ཙམ་འགྲོ་བ་ཐེབས་སུ་སྦྱར། དེ་ནས་ལོ་ངོ་དྲུག་སོང་བ་རབ་བྱུང་གོང་གསལ་གྱི་ས་ཁྱི་(༡༤༡༨)ལོའི་བོད་ཟླ་དྲུག་པའི་ཚེས་གཉིས་ལ་ད་ལྟའི་དཔལ་འཁོར་ཆོས་སྡེའི་དགོན་པ་ཆོས་བཞིས་དགེ་འདུན་དང་བཅས་པ་འདིར་སྤོས་ཤིང་། དགོན་པ་འདིར་གྲྭ་ཚང་བཅུ་བདུན་ཡོད་པ་ནི། དགེ་ལུགས་གྲྭ་ཚང་བདུན་ས་ལུགས་གྲྭ་ཚང་བཞི། ཞ་ལུའི་གྲྭ་ཚང་གཅིག། དུས་འཁོར་གྲྭ་ཚང་བཞི། ས་སྐྱ་དགེ་ལུགས་ཐུན་མོང་གི་གྲྭ་ཚང་གསེར་ཁང་འོག་པ་བཅས་ཡིན། དགོན་པ་འདིར་གྲགས་ཆེ་བ་ལྷ་ཁང་ཆེན་མོ་དང་། སྐུ་འབུམ་མཆོད་རྟེན་ཆེན་མོ་བཀྲ་ཤིས་སྒོ་མང་། བཀའ་འགྱུར་གསེར་ཆོས་རྒྱལ་རྩེ་ཐེམ་སྤངས་མ་བཅས་ཡིན། ལྷ་ཁང་ཆེན་མོ་ནི། དཔལ་ཆོས་དགོན་པ་འདེབས་པའི་ཕྱི་ལོ་ས་ཕག་(༡༤༡༩)ལོའི་ལོ་མཇུག་ཏུ་བཞེངས་འགོ་ཚུགས་ཤིང་། ཕྱི་ལ་འབུར་ཆེན་བཅུ་གཉིས། མདའ་ཡབ་ལན་ཀན་དང་བཅས་པ། གཙུག་ལག་ཁང་གི་གཙང་ཁང་དབུས་མར་ཀ་ཆེན་བརྒྱད། མདུན་གྱི་ཁྱམས་ལ་ཀ་ཆེན་བཞི་བཅུ་ཞེ་བརྒྱད། གློ་འབུར་ཤར་ནུབ་ཀྱི་ལྷ་ཁང་གཉིས་སོ་སོར་ཀ་བ་དྲུག་རེ་བཅས་ཁྱོན་ཀ་བ་བརྒྱ་དང་ལྔ་བཅུའི་རྒྱ་ཁྱོན་ཡོད་ཅིང་། གཙང་ཁང་ཆེན་མོའི་དབུས་སུ་རྟེན་གཙོ་ཐུབ་དབང་བྱང་ཆུབ་ཆེན་པོའི་གསེར་སྐུ་ཟངས་ཁལ་ཆིག་སྟོང་ལ་གསྲེར་སང་བརྒྱད་རྒྱ་བཅུ་ཐམ་པ་འགྲོ་བའི་གསེར་ཆུས་བྱུགས་པ་ཁྲི་དྲུག་འགྱོགས་དང་བཅས་པ་བོད་ཀྱི་ལྷ་བཟོ་དཔོན་མོ་ཆེ་སྐྱབས་པས་བཞེངས་པ་དང་། དེའི་གཡས་གཡོན་གཉིས་སུ་འཇམ་དབྱངས་དང་སྤྱན་རས་གཟིགས་ཀྱི་གསེར་སྐུ་རེ་ལ་ཟངས་ཁལ་ཉིས་བརྒྱ་དང་། གསེར་སང་སུམ་བརྒྱའི་གསེར་ཆུས་བྱུགས་པ། བལ་པོའི་ལྷ་བཟོ་ཛའི་ཏེ་ཙ་སོགས་ཀྱིས་བཞེངས་པ། རྟེན་གཙོ་བྱངས་ཕྱུབ་ཆེན་པོའི་གཡས་ངོས་སུ་འདས་པའི་སངས་རྒྱས་མར་མེ་མཛད་དང་། གཡོན་དུ་མ་འོངས་པའི་སངས་རྒྱས་བྱམས་པ། དེ་རྣམས་ཀྱི་གཡས་གྲལ་དུ་བྱང་ཆུབ་སེམས་དཔའ་བྱམས་པ་སོགས་སེམས་དཔའ་བརྒྱད་དང་། གཡོན་གྲལ་དུ་བྱང་ཆུབ་སེམས་དཔའ་འཇམ་དབྱངས་སོགས་སེམས་དཔའ་བརྒྱད་བཅས་བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་ལྡེམ་སྐུ་ཐོག་ཚད་མ། བར་སྟོངས་སུ་སངས་རྒྱས་བྱང་སེམས་ཀྱི་ལྡེབས་བྲིས་ཡོད་པ། གློ་འབོར་ནུབ་ཀྱི་ལྷ་ཁང་ནི་རབ་བྱུང་བདུན་པའི་ཆུ་སྟག་(༡༤༢༢)ལོར་བཞེངས་ཤིང་། ལྷ་ཁང་འདེའི་ནང་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་གཙོ་བོ་སུམ་ཅུ་སོ་བདུན་རྣམས་འབུར་སྐུ་དང་། དེ་མིན་གྱི་མགྲོན་ཐབས་ཀྱི་ལྷ་ཚོགས་བྱང་ཆུབ་སེམས་དཔའ་དགུ་བརྒྱ་དགུ་བཅུ་གོ་དྲུག་རྣམས་ལྡེབས་བྲིས་སུ་བྲིས་ཡོད། གློ་འབོར་ཤར་གྱི་ཆོས་རྒྱལ་ལྷ་ཁང་ནི། གོང་གསལ་གྱི་ཕྱི་ལོ་དེར་བཞེངས་ཤིང་། ལྷ་ཁང་འདེའི་ནང་དུ་སློབ་དཔོན་ཀླུ་སྒྲུབ་ལུགས་ཀྱི་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་བཞི་བཅུ་ཞེ་གཉིས་འབུར་སྐུ། འཁོར་གྱི་ལྷ་དང་བླ་བརྒྱུད་རྣམས་ཀྱི་ལྡེབས་བྲིས་དང་། གཞན་ཡང་བོད་ལ་བཀའ་དྲིན་ཆེ་བའི་མཁན་སློབ་ཆོས་གསུམ་སོགས་བླ་བརྒྱུད་རགས་རིམ་གྱི་འབུར་སྐུ། ལྡེབས་བྲིས་ལ་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་འརྒྱུར་མི་འདྲ་བ་མང་པོ་དང་། སངས་རྒྱས་སུམ་ཅུ་སོ་ལྔ་སོགས་ལྷ་སྐུ་སྟོང་ཕྲག་ལྷག་ཙམ་ཡོད། གཞན་ཡང་འདུ་ཁང་དང་། ཁྱམས་གཡས་གཡོན། སྟེང་གི་སེང་གཡབ་སོགས་ལ་མདོ་རྒྱུད་ནས་བཤད་པའི་སངས་རྒྱས་བྱམ་སེམས་མང་པོའི་ཞིང་བཀོད་དང་ལོགས་བྲིས་རྣམས་ཡོད། རབ་བྱུང་གོང་གསལ་གྱི་ཤིང་སྦྲུལ་(༡༤༢༥)ལོར་གཙང་ཁང་ཆེན་མོའི་སྟེང་གི་གཞལ་ཆེན་མོའི་ཀ་བ་བརྒྱད་ཡོད་པའི་དབུས་སུ་དུས་འཁོར་གྱི་དཀྱིལ་འཁོར་གཙོ་བོ་བྱས་པའི་གཡས་ཕྱོགས་གསང་སྔགས་བླ་མེ་ཕ་རྒྱུད་ནས་བཤད་པའི་དཀྱིལ་འཁོར་ཆེ་བ་བདུན་དང་། གཡོན་ཕྱོགས་སུ་བླ་མེད་མ་རྒྱུད་ནས་བཤད་པའི་དཀྱིལ་འཁོར་ཆེ་བ་བདུན་བཅས་དཀྱིལ་འཁོར་ཆེ་བ་བཅོ་ལྔ་དང་། དཀྱིལ་འཁོར་ཆེ་བ་དེ་དག་གི་སྟེང་དང་འོག་གི་བར་སྟོང་རྣམས་སུ་རྒྱུད་སྡེ་བཞི་ནས་བཤད་པའི་དཀྱིལ་འཁོར་ཆུང་བ་སུམ་ཅུ་སོ་བརྒྱད་བཅས་ཁྱོན་དཀྱིལ་འཁོར་ལྔ་བཅུ་ང་གསུམ་ཡོད། གཞལ་ཡས་ཆེན་མོའི་གཡས་ངོས་ཀྱི་ལམ་འབྲས་ལྷ་ཁང་ནང་། ས་སྐྱའི་ལམ་འབྲས་བརྒྱུད་པའི་བླ་མ་རགས་རིམ་གྱི་འབུར་སྐུ་དང་། དཀྱིལ་དུ་བདེ་མཆོག་གི་བློས་བསླང་། ལོགས་བྲིས་སུ་གྲུབ་ཆེན་བརྒྱད་ཅུ་དང་། ས་སྐྱའི་གདུང་རབས། ལྷོ་ངོས་ཀྱི་ལྡེབས་བྲིས་ལ་གོང་མ་སེ་ཆེན་ཧན་དང་། འགྲོ་མགོན་འཕགས་པ་མཉམ་དུ་བཞུགས་པ། བྱང་ངོས་ཀྱི་འོག་བྲིས་ལ་ས་སྐྱ་པཎ་ཆེན་གྱིས་མུ་སྟེགས་འཕྲོག་བྱེད་དགའ་བོ་བཏུལ་བ་སོགས་ལྡེབས་བྲིས་མང་པོ་ཡོད། གཞལ་ཡས་ཆེན་མོའི་ཤར་ངོས་གནས་བརྟན་ལྷ་ཁང་ནང་། གནས་བརྟན་བཅུ་དྲུག་བྲག་རི་མ། འཇམ་དབྱངས་སྨྲ་སེང་གཙོ་འཁོར་ལྔ། སྒྲོལ་མ་འཇིགས་བརྒྱད་སོགས་ལྡེབས་བྲིས་མང་པོ་དང་། བར་ཁྱམས་ཀྱི་བསྐོར་ལམ་དུ་བསྐལ་བཟང་སངས་རྒྱས་སྟོང་སྐུ། མདུན་ངོས་ཀྱི་ཁྱམས་སུ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ནས་ཕྱོགས་བསྡུས་བྱས་པ་སོགས་ལྡེབས་བྲིས་མང་པོ་ཡོད། ལྷ་ཁང་ཆེན་མོའི་ནུབ་ཕྱོགས་སུ་ཡོད་པའི་སྐུ་འབུམ་མཆོད་རྟེན་ཆེན་མོ་ནི། རབ་བྱུང་བདུན་པའི་མེ་ལུག་༡༤༢༧ལོར་བཞེངས། མཆོད་རྟེན་དེ་ནི་ཕྱི་ཡི་བཟོ་དབྱིབས་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ནང་ཚན་བཀྲ་ཤིས་སྒོ་མང་གི་རྣམ་པ་ཡིན་ལ་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་དང་། ལྷ་སྐུ་བྲིས་འབུར་བསྡོམས་པའི་གྲངས་འབུམ་ལྷག་ཙམ་ཡོད་པ། མཐོ་ཚད་མཆོད་རྟེན་གྱི་ས་འཛིན་ནས་ཏོག་གི་བར་ཁྲུ་བཞི་ལ་འདོམ་གང་དུ་བརྩིས་པའི་ཁྲུ་དགུ་བཅུ་གོ་གསུམ་དང་ཁྲུ་ཕྱེད་དང་དོ་ཡོད་པ་དེར་བོད་ལུགས་ཀྱི་ཁང་པའི་ཐོག་ཚད་ལྟར་བྱས་ན་ཐོག་སོ་བཅུ་གཅིག་ལྷག་ཙམ་ཡོད་ཅིང་། རྒྱ་ཁྱོན་ནི་བང་རིམ་དང་པོ་མན་ཆད་ཀྱི་ཕྱོགས་རེ་ལ་ཁྲུ་བརྒྱ་དང་བརྒྱད་(འདོམ་ཉི་ཤུ་རྩ་བདུན་)རེ་ཡོད་པ་ཕྱོགས་བཞིའི་རྒྱ་ཁྱོན་བསྡོམས་ན་ཁྲུ་བཞི་བརྒྱ་སུམ་ཅུ་སོ་གཉིས་སྟེ་གཞུ་འདོམ་བརྒྱ་དང་བརྒྱད་ཡོད་ལ། བང་རིམ་བཞི་ལ་ཕྱོགས་བཞིར་ལྷ་ཁང་ལྔ་རེ་དང་། བུམ་པའི་ཕྱོགས་བཞིར་ལྷ་ཁང་བཞི། བྲེ་ཡི་ཕྱོགས་བཞིར་ལྷ་ཁང་རེ་རེ། ཆོས་འཁོར་སྟོད་སྨད་གཉིས་ལ་ལྷ་ཁང་རེ་རེ་བཅས་ཁྱོན་ལྷ་ཁང་དགུ་བཅུ་ཙམ་ཡོད་པ། ལྷ་ཁང་ཚང་མར་མདོ་དང་རྒྱུད་སྡེ་ནས་བཤད་པའི་ལྷ་སྐུའི་རྣམ་འགྱུར་མི་འདྲ་བའི་འབུར་སྐུ་དང་། བྲིས་སྐུ། དཀྱིལ་འཁོར། མཆོད་པའི་ལྷ་མོ་སོགས་བར་མཚམས་མེད་པར་ཁེངས་ཤིང་། ལྷ་ཁང་སྟེང་ཤོད་ཀྱི་བར་དུ་སྟེང་འགྲོའི་རྡོ་སྐས་རྒྱུ་མའི་འཁྱོག་འགྲོས་ལྟར་རིམ་པར་བརྩེགས་པས་འགྲོ་ལམ་བདེ་བ་དང་། བང་རིམ་སོ་སོའི་སྟེང་དུ་བད་ཆུང་། བད་ཆེན། པུ་ཤུ། ལན་ཀན་བཅས་བརྩེགས་མར་བཀོད་པས་མིག་ལམ་ལ་མཛེས་ཤིང་ཆར་ཆུའི་གནོད་པ་སྐྱོབ་ནུས་པ་སོགས་བཟོ་བཀོད་ངོ་མཚར་འཕྲུལ་དང་ལྡན་པ་དང་། བཀའ་འགྱུར་གསེར་ཆོས་རྒྱལ་རྩེ་ཐེམ་སྤངས་མ་ནི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་རབ་བྱུང་བདུན་པའི་ལྕགས་ཕག་(༡༤༣༡)ལོར་ཐོག་མར་བཞེངས་པའི་བཀའ་འགྱུར་གསེར་ཆོས་པོད་བརྒྱ་དང་བཅུ་གཅིག་ཡོད་པ་དེང་སང་ལྷ་ཁང་ཆེན་མོའི་སྦྲུགས་ཀྱི་གཙང་་ཁང་གཡོན་མོའི་ནང་དུ་བཞུགས་པ་འདི་ཡིན། གཞན་ཡང་བཀའ་འགྱུར་གསེར་ཆོས་མ་བཞེངས་གོང་དུ་སྐྱ་ཆོས་ཆ་ཚང་གཅིག་ཀྱང་བཞེངས་པ་དང་། གསེར་ཆོས་བཀའ་འགྱུར་བཞེངས་ཚར་རྗེས་བསྟན་འགྱུར་སྐྱ་ཆོས་དབུ་མེད་བྲིས་མ་ཚར་གཅིག་ལ་པོད་ཉིས་བརྒྱ་དང་ལྔ་ཡོད་པ་རྣམས་ཀྱང་ལྷ་ཁང་ཆེན་མོའི་སྦུགས་ཀྱི་གཙང་ཁང་ནང་དུ་ཡོད་མུས་རེད། མདོར་ན་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་དགོན་པ་འདི་ཡི་ནང་རིན་ཐང་ཆེ་བའི་རྟེན་གསུམ་དང་། ལྡེབས་བྲིས་སོགས་ཧ་ཅང་མང་ཞིང་། མིང་རྒྱལ་རབས་ཀྱི་གོང་མ་ཧུང་ཝུ་ཁྲི་ལོ་༢༣པ་(རབ་བྱུང་བདུན་པའི་ལྕགས་རྟ་སྤྱི་ལོ་༡༣༩༠ལོ་ནས་བཟུང་ད་བར་ལོ་ངོ་དྲུག་བརྒྱ་ལྷག་ཙམ་)གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་ཞིག་ཡིན་སྟབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་ཀའི་སྲུང་སྐྱོབ་སྡེ་ཚན་དུ་གཏོགས་པ་དང་། རིག་གནས་གསར་བརྗེ་ཆེན་པོའི་སྐབས་གྲྭ་ཚང་ཁག་རྣམས་གཏོར་བཤིག་སོང་ཡང་ལྷ་ཁང་ཆེན་མོ་དང་། དེར་ཡོད་སྐུ་གསུང་ཐུགས་རྟེན་སྐུ་འབུམ་མཆོད་རྟེན་བཅས་ད་ལྟ་ཡང་རྩ་བའི་ཆ་ནས་ཉམས་ཆག་མ་བྱུང་བར་གནས་ཡོད་པ་དང་། ཕྲན་བུ་ཉམས་ཆག་བྱུང་རིགས་རྣམས་རྒྱལ་ཁབ་ནས་གྲོན་དངུལ་གནང་སྟེ་ཉམས་གསོ་བྱེད་མུས་ཀྱི་སྐབས་སུ་མཆིས། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལོ་རྒྱུས་ཅུང་ཟད་ཞིབ་པར་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་སྒོ་》ཤོག་གྲངས་༤༨ནས་༦༤བར་དང་། རྒྱལ་རྩེ་ཆོས་རྒྱལ་གྱི་རྣམ་ཐར་ཁ་བྱང་དུ་《ངྷརྨ་རྰ་ཛའི་རྣམ་ཐར་དད་པའི་ལོ་ཏོག་རྒྱལ་བྱེད་དངོས་གྲུབ་ཀྱི་ཆར་འབེབས་》བྲིས་མ་ལ་ཤོག་གྲངས་༢༤༡ཡོད་པ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
(རྒྱལ་རྩེ་དཔལ་འཁོར་ཆོས་སྡེ) དགོན་པ་དེ་གཞིས་རྗེ་ས་ཁུལ་ཁོངས་རྒྱལ་རྩེ་གྲོང་ནང་དུ་གནས་ཤིང་། རབ་བྱུང་བདུན་པའི་ཆུ་སྦྲུལ་ (༡༤༡༣) ལོར་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་ཐོག་མར་ཉང་སྟོད་ལྕང་ར་དགོན་པ་བཏབ། རྗེ་ཙོང་ཁ་པའི་དངོས་སློབ་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་སློབ་དཔོན་དུ་གདན་དྲངས་ཏེ་རང་ཉིད་ཀྱི་ཡབ་ནང་ཆེན་ཀུན་དགའ་འཕགས་ཀྱི་དགོངས་རྫོགས་སུ་དམིགས་ནས་གསང་སྔགས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་སྒྲུབ་མཆོད་ཆོག་གྲྭ་སུམ་ཅུ་སོ་བདུན་ཡོད་པ་བཙུགས་ཤིང་། དེའི་མཆོད་རྒྱུན་དུ་དམིགས་པའི་མཆོད་གཞིས་སོན་འབྲུ་ཁལ་བཞི་བརྒྱ་དགུ་བཅུ་གོ་དགུ་དང་བྲེ་བཞི་ཙམ་འགྲོ་བ་ཐེབས་སུ་སྦྱར། དེ་ནས་ལོ་ངོ་དྲུག་སོང་བ་རབ་བྱུང་གོང་གསལ་གྱི་ས་ཁྱི (༡༤༡༨) ལོའི་བོད་ཟླ་དྲུག་པའི་ཚེས་གཉིས་ལ་ད་ལྟའི་དཔལ་འཁོར་ཆོས་སྡེའི་དགོན་པ་འདི་གསར་དུ་བཏབ་ནས་སྔར་ཡོད་ལྕང་ར་དགོན་པའི་ཆོས་གཞིས་དགེ་འདུན་དང་བཅས་པ་འདིར་སྤོས་ཤིང་། དགོན་པ་འདིར་གྲྭ་ཚང་བཞི། ཞ་ལུའི་གྲྭ་ཚང་གཅིག དུས་འཁོར་གྲྭ་ཚང་བཞི། ས་སྐྱ་དགེ་ལུགས་ཐུན་མོང་གི་གྲྭ་ཚང་གསེར་ཁང་འོག་པ་བཅས་ཡིན་ནོ། །
- language:
- Tibetan