- gnam ri srong btsan/
- ID:
- T109171
- གནམ་རི་སྲོང་བཙན (Tibetan, Tibetan script, Original)
- > gnam ri srong btsan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > namri songtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. bod rgya tshig mdzod chen mo
[1541] འདིའི་མཚན་གནམ་རི་སློན་བཙན་ཞེས་ཀྱང་སྣང། སྟག་རི་གཉན་གཟིགས་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་གཉིས་པ་ཡིན་ལ། འདིའི་སྐབས་སུམ་པ། ཀོང་པོ། དྭགས་པོ། འཕན་ཡུལ། མྱང་པོ་སོགས་ཡུལ་མང་པོ་མངའ་འོག་ཏུ་བསྡུས། མཐའི་རྒྱ་དང་གྲུ་གུའང་བླངས། སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱལ་ཁམས་ཆེན་པོའི་དབྱིབས་ཙམ་ཆགས། ཕྱག་ལྕག་གིས་དྲས་ཏེ་བློན་པོ་རྗེས་ཅན་རྣམས་ཀྱི་བྱ་དགར་ཡུལ་ས་དང། མཁར། བྲན་ཁྱིམ་བསྩལ། བློན་འབངས་རྣམས་ཀྱིས་བཙན་པོ་འདི་ཆབ་སྲིད་གནམ་ལས་མཐོ་བ། དབུ་རྨོག་རི་ལས་བཙན་ཏེ། གནམ་རི་སློན་བཙན་ཞེས་མཚན་དུ་གསོལ། གཞན་ཡང་འདིའི་སྐབས་སུ་རྒྱ་ནག་ནས་སྨན་དང་འབྱུང་རྩིས་བླངས། རྟ་མདོ་བ་ཅང་ཤེས་རྙེད་པར་ཆིབས་ནས་བྱང་འབྲོང་སྨྱོན་པ་བསད་པའི་ཤ་སྒ་ལ་བཏགས་པ་ས་ལ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་བྱང་གི་ཚྭ་ལེན་པའི་སྲོལ་བྱུང་སྐད། ...
- language:
- English
5. dung dkar bod rig pa'i tshig mdzod chen mo
(གནམ་རི་སློན་བཙན་ནམ་སློན་བརྩན་རླུང་ནམ་ཞེས་པའང་སྣང་)བོད་རྒྱལ་སོ་གཉིས་པ་ཡབ་སྟག་རི་གཉན་གཟིག་དང་ཡུམ་སྟོང་བཙུན་འབྲོ་དཀར་གྱི་སྲས་སུ་ས་སྟག་(༥༥༨)ལོར་འཁྲུངས་སྐད། དབས་སྣང་བཞེར་དང། ཚེ་སྤོང་ན་གནག་སེར། ཉང་ཙེང་གུ་རྣམས་ཀྱིས་བློན་པོ་བྱས་པ་དང། གཙོའི་བོན་པོ་ཁྲི་ཁྱུང་གྲགས་པས་སྐུ་བོན་བྱས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། གཅུང་པོ་འོལ་གོད་ཚ་སློན་གེར་ལེགས་བྱ་བ་ཐང་མཚམས་སུ་ཕབ། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་གི་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ། སྦྲང་དགའ་བོ་དང་རྨུ་དཔུང་རི་བྱ་བའིགྱད་གཉིས་ཀྱིས་ཞབས་ཏོག་བྱས་ཏེ་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་ལྷུང་བ་ལ་ཚ་འགོས་པས་བྲོ་བ་ཚོར་ཏེ་ལན་ཚྭ་ངོ་ཤེས་ནས་ཚྭ་ལེན་པའི་སྲོལ་བྱུང་སྐད། གཞན་ཡང་དེ་སྐབས་རྒྱལ་པོ་སྐུ་ངོ་མས་དམག་མི་ཁྲི་ཕྲག་ཙམ་ཁྲིད་ནས་གཡུལ་བཤམས་ཏེ་མཁར་ཡུ་སྣ་ནི་གཏོར། དགུ་གི་ཟིང་པོ་རྗེ་ནི་བརླགས། མང་པོ་རྗེ་གསུམ་བུ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་སྣ་མན་ཆད་ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་ལོན་ཞིང། བཙན་པོས་བཀའ་ཕབ་སྟེ་སྔར་ཡུལ་ངས་པོ་ཟེར་བ་ལ་འཕན་ཡུལ་ཞེས་མིང་བརྗེས་སོ། །དེ་སྐབས་མྱང་ཙེང་སྐུ་དང། དབས་དབྱི་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་ཀྱིས་སྤུར་རྒྱལ་ལ་བློ་དཀར་བྱས་པས་བྲན་གཡོག་ཁྱིམ་དུད་མང་པོ་དང་ཡུལ་ཆེན་པོ་གནང་བ་མ་ཟད། རྒྱལ་པོའི་བློན་པོར་བཅུག་པ་དང། ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་ཞེས་པའི་མགོ་བཅད་དེ་རྩང་བོད་ཀྱི་འབངས་མི་ཁྱིམ་དུད་ཁྲི་ཕྲག་གཉིས་སྤུར་རྒྱལ་བཙན་པོའི་མངའ་འབངས་སུ་ཕུལ་བ་དང། སེང་གོ་མི་ཆེན་གྱིས་དྭགས་པོ་ཡོངས་རྫོགས་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག་པ་སོགས་དབུས་གཙང་ཕལ་ཆེ་བ་སྤུ་རྒྱལ་གྱི་མངའ་ཞབས་སུ་ཚུད། སྐབས་དེར་རྒྱལ་པོའི་བཞུགས་གནས་ཀྱང་ཡར་ལུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་པར་སྣང། མཐར་རྒྱལ་པོ་འདི་ཉིད་མོན་དུག་ཕུལ་ནས་བཀྲོངས་པར་གྲགས་ཤིང། བང་སོ་དོན་མཁར་མདར་བརྩིགས་པ་དང། བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང། གྲལ་ནི་ཁྲི་གཟུང་བང་སོའི་གཡས་ན་ཡོད། །ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཀ་རིས། །མིང་དུ་གུང་རི་སོག་ཀར་བཏགས་སོ་སྐད། །
- language:
- Tibetan
6. Thupten Phuntsok Dictionary
སྤྱི་ལོ་༥༩༢པའི་ཆུ་བྱི་ལོར་སྐུ་འཁྲུངས། འདིའི་མཚན་གནམ་རི་སློན་བཙན་ཞེས་ཀྱང་སྣང་། སྟག་རི་གཉན་གཟིགས་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་གཉིས་པ་ཡིན་ལ་སྤྱི་ལོ་༦༠༨པའི་ས་འབྲུག་ལོར་བོད་ཀྱི་རྒྱལ་སྲིད་སྐྱོང་། འདིའི་སྐབས་སུམ་པ། ཀོང་པོ། དྭགས་པོ། འཕན་ཡུལ། མྱང་པོ་སོགས་ཡུལ་མང་མངའ་འོག་ཏུ་བསྡུས། མཐའི་རྒྱ་དང་གྲུ་གུའང་བླངས། སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱལ་ཁམས་ཆེན་པོའི་དབྱིབས་ཙམ་ཆགས། ཕྱག་ལྕག་གིས་དྲས་ཏེ་བློན་པོ་རྗེས་ཅན་རྣམས་ཀྱི་བྱ་དགར་ཡུལ་ས་དང་། མཁར། བྲན་ཁྱིམ་བསྩལ། བློན་འབངས་རྣམས་ཀྱིས་བཙན་པོ་འདི་ཆབ་སྲིད་གནམ་ལས་མཐོ་བ། དབུ་རྨོག་རི་ལས་བཙན་ཏེ། གནམ་རི་སློན་བཙན་ཞེས་མཚན་དུ་གསོལ། སྤྱི་ལོ་༦༢༩པའི་ས་གླང་ལོར་བཀྲོངས་སོ། །
- language:
- Tibetan
7. smon lam tshig mdzod chen mo
འདིའི་མཚན་གནམ་རི་སློན་བཙན་ཞེས་ཀྱང་སྣང༌། སྟག་རི་གཉན་གཟིགས་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་གཉིས་པ་ཡིན་ལ། འདིའི་སྐབས་སུམ་པ། ཀོང་པོ། དྭགས་པོ། འཕན་ཡུལ། མྱང་པོ་སོགས་ཡུལ་མང་པོ་མངའ་འོག་ཏུ་བསྡུས། མཐའི་རྒྱ་དང་གྲུ་གུའང་བླངས། སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱལ་ཁམས་ཆེན་པོའི་དབྱིབས་ཙམ་ཆགས། ཕྱག་ལྕག་གིས་དྲས་ཏེ་བློན་པོ་རྗེས་ཅན་རྣམས་ཀྱི་བྱ་དགར་ཡུལ་ས་དང༌། མཁར། བྲན་ཁྱིམ་བསྩལ། བློན་འབངས་རྣམས་ཀྱིས་བཙན་པོ་འདི་ཆབ་སྲིད་གནམ་ལས་མཐོ་བ། དབུ་རྨོག་རི་ལས་བཙན་ཏེ། གནམ་རི་སློན་བཙན་ཞེས་མཚན་དུ་གསོལ། གཞན་ཡང་འདིའི་སྐབས་སུ་རྒྱ་ནག་ནས་སྨན་དང་འབྱུང་རྩིས་བླངས། རྟ་མདོ་བ་ཅང་ཤེས་རྙེད་པར་ཆིབས་ནས་བྱང་འབྲོང་སྨྱོན་པ་བསད་པའི་ཤ་སྒ་ལ་བཏགས་པ་ས་ལ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་བྱང་གི་ཚྭ་ལེན་པའི་སྲོལ་བྱུང་སྐད།
- language:
- Tibetan
8. gangs can mkhas grub rim byon ming mdzod
[934] ཁོང་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་དུ་ཡབ་རྒྱལ་པོ་སྟག་རི་གཉན་གཟིགས་དང་། ཡུམ་འོལ་གོད་བཟའ་སྟོང་བཙུན་འབྲོ་གར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་གཙོའི་བོན་པོ་ཁྲི་ཁྱུང་གྲགས་པས་མཛད། བཙུན་མོ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་བྱ་བ་ཁབ་ཏུ་བཞེས་ཏེ་རིགས་སྲས་སྲོང་བཙན་སྒམ་པོ་སྐུ་འཁྲུངས། ཁོང་གིས་ཡབ་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་མཛད་འཕྲིན་མུ་མཐུད་དུ་བསྐྱངས་ཏེ། མྱང་ཙེང་སྐུ་དང་། དབས་དབྱི་ཚབ། མནོན་འདྲོན་པོ་བཅས་ལ་མནལ་ཚིག་བོར་ཏེ་ཕྱི་ནང་མཉམ་འབྲེལ་གྱིས་ཟིང་པོ་རྗེ་ཁྲི་པངས་སུམ་བཅོམ་ནས་ཕག་གི་ཡུང་བ་སྣ་མན་ཆད། ཀོང་པོ་བྲེ་སྣ་ཡན་ཆད་མངའ་འོག་ཏུ་བསྡུས་ཤིང་སྔར་ཡུལ་ངས་པོ་ཟེར་བ་ཡང་འཕན་ཡུལ་ཞེས་པར་མིང་བརྗེས། ཁྱུང་པོ་སྤུང་ཟད་ཟུ་ཙེས་ཀྱང་གཙང་བོད་ཀྱི་རྗེ་བོ་མར་མུན་ཞེས་པ་བཏུལ་ནས་འབངས་མི་ཁྱིམ་དུད་ཁྲི་ཕྲག་གཉིས་ཙམ་ཁོང་གི་མངའ་འབངས་སུ་ཕུལ། དེའི་སྐབས་སུ་བློན་པོ་མྱང་དབས་མནོན་གསུམ་སོགས་ཀྱིས་ཆབ་སྲིད་ནི་གནམ་ལས་མཐོ། དབུ་རྨོག་ནི་རི་ལས་བཙན་ཏེ་ཁོང་གི་མཚན་ལ་གནམ་རི་སྲོང་བཙན་ཞེས་གསོལ། ཁོང་གི་སྐུ་རིང་ལ་རྒྱ་ནག་ནས་སྨན་རྩིས་སོགས་ཀྱི་གཙུག་ལག་རིག་གནས་སྤྱན་དྲངས་པ་དང་། ཟས་ཀྱི་ཕུད་དུ་གྱུར་པའི་ལན་ཚྭ་སོགས་རྙེད་པར་གྲགས་སོ། མངའ་ཞབས་ཆེ་བ་དང་མངའ་ཐང་རྒྱས་པས་རྒྱལ་ས་ཡང་ཡར་ཀླུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་ནས་བཞུགས་ཀྱང་མུན་དུག་ཕུལ་བ་བཞེད་པས་སྐུ་བཀྲོངས། 《ཆོས་[935]འབྱུང་མཁས་པའི་དགའ་སྟོན》ལས་ “བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང་། གྲལ་ནི་ཁྲི་བཟུང་བང་སོའི་གཡས་ན་ཡོད། ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཁ་རིས། མིང་དུ་གུང་རི་སོག་ཁར་བཏགས་སོ་སྐད།” ཅེས་གསུངས་སོ། །
- language:
- Tibetan