Skip to main content Skip to search
bka' 'gyur gyi lung /
ID:
T5918
  • བཀའ་འགྱུར་གྱི་ལུང (Tibetan, Tibetan script, Original)
    • > bka' 'gyur gyi lung / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kangyur gyilung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Dung-dkar 154-156.

language:
English

2. dung dkar bod rig pa'i tshig mdzod chen mo

ཆོས་གསུང་བ་པོ་སངས་རྒྱས་བཅོམ་ལྡན་འདས་ནས་རང་གི་རྩ་བའི་བླ་མའི་བར་གཅིག་ནས་གཅིག་ཏུ་བརྒྱུད་པའི་བཀའ་འགྱུར་གྱི་ལུང་རྒྱུན་ཡོད་པའི་རིགས་བླ་མས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་ཀློག་པ་[དང་། སློབ་མས་གཉིད་དང་། གཏམ་གླེང་གིས་བར་མཚམས་ཆད་པ་བཅས་མེད་པའི་སྒོ་ནས་ཉན་པ་ལ་ཟེར། དེ་ཡང་བོད་དུ་བཀའ་འགྱུར་གྱི་ལུང་རྒྱུན་ཁྱབ་སྤེལ་མཛད་མཁན་ནི། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས(རབ། བྱུང་གཉིས་པའི་མེ་ཕག༡༡༠༧ལོ་ནས་རབ་བྱུང་གསུམ་པའི་ལྕགས་ཁྱི༡༡༩༠ལོ་བར)ཡིན་ཅིང་། བཀའ་འགྱུར་ནང་གི་མདོ་མང་གི་ལུང་རྒྱུན་ནི། བླ་མ་རྡོ་རྗེ་གདན་པ་ཆེ༌བ་མྱ་ངན་མེད་པའི་དཔལ་ལ་མདོ་སྣ་ཉིས་བརྒྱ་ལྷག་ཙམ་གྱི༌ལུང་རྒྱུན་བཞུགས་པ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲིས་གསན། ཁོང༌བོད་དུ་ཕེབས་སྐབས་དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ་དང་། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ལྷོ་པ་ཐམས་ཅད་མཁྱེན་པ་གསུམ་ལ་གནང་། བླ་མ་རྡོ་རྗེ་གདན་པ་ཆུང་བ་རོལ་པའི་རྡོ་རྗེའམ་མངོན་ཤེས་ཅན་དུ་གྲགས་པའི་སློབ་མ་པཎ་ཆེན་པུ་ནྱེ་ཤྲི་ལ་མདོ་མང་སུམ་བརྒྱ་ཉེར་དགུ་ཙམ་གྱི་ལུང་རྒྱུན་ཡོད་པ་ལས། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ཀྱིས་ལུང་རྒྱུན་སུམ་བརྒྱ་ཉེར་གསུམ་གསན་ནས་བོད་དུ་སོ་ཐམས་ཅད་མཁྱེན་པ་ལ་གནང་། ཡང་པཎ་ཆེན་ཛྙ་ན་ཤྲི། པཎ་ཆེན་པུནྱེ་ཤྲི། པཎ་ཆེན་རཏྣ་ཀ་ར་ཤནྟི་པ་གསུམ་ལས་པཎ་ཆེན་སུ་མ་ཏི་ཀིརྟི་ཞེས་བྱ་བས་གསན་ནས་དེས་པཎ་ཆེན་སྨྲི་ཏི་ཛྣ་ན་ཀིརྟི་ལ་གནང་། དེས་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་གནང་། དེ་ནས་ཡུན་རིང་ཙམ་སོང་བ་ན་ལུང་རྒྱུན་ཧ་ཅང་ཉག་ཕྲ་བར་གྱུར་པ་ན། བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཞེས་ཤབ་སྟོད་གཡུ་ལུང་དགའ་ལྡན་དུ་བཞུགས་པ་དེས་རོང་པ་ཤེས་རབ་སེང་གེ་ལས་དཔྱལ་ལོ་ཙཱ་བ་ནས་བརྒྱུད་པའི་ལུང་རྒྱུན་ཚར་གཅིག་གསན་རྗེས་བརྒྱུད་ཡིག་ལ་བརྟག་དཔྱད་མཛད་སྐབས། དཔྱལ་པདྨ་ཅན་དང་མཁན་པོ་གཞོན་ནུ་ཡེ་ཤེས་འབར་དང་། དེ་ནས་རོང་པ་ཤེར་སེང་བར་དུ་བླ་བརྒྱུད་འགའ་ཞིག་བར་སྟོངས་ལུས་པ་ཡོད་འདྲ་ཟེར་བར་བརྟེན། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་ལུང་རྒྱུན་བླ་མ་ཀུན་དགའ་འོད་ཟེར་ལ་བཞུགས་པ་དེ་ཡང་ཚར་གཅིག་གསན། བླ་མ་ཀུན་དགའ་འོད་ཟེར་གྱི་གསན་ཡིག་ལས་ཁ་ཆེ་པཎ་ཆེན་ཡན་ཆད་ཀྱི་བརྒྱུད་རི་ངེས་གསལ་མི་འདུག་ཅིང་། དཔྱལ་ཆོས་བཟང་གིས་ཁ་ཆེ་པཎ་ཆེན་ཁྲོ་ཕུར་ཕེབས་དུས་ལུང་གསན་སྐབས། ལྷོ་པ་ཐམས་ཅད་མཁྱེན་པས་ཀྱང་གསན་པ་ཡིན་ནམ་ཞེས་དཔྱད་གཞིར་གསུངས་པ་ལ་བརྟེན་ནས་སླར་ཡང་མདོ་མང་གི་ལུང་རྒྱུན་སྤྱི་དང་བྱེ་བྲག་གི་བརྒྱུད་པ་ཁུངས་དག་སུ་ལ་བཞུགས་ཡོད་མེད་རྩད་གཅོད་མཛད་སྐབས་ཤངས་པ་མཁན་ཆེན་གྲགས་པ་སེང་གེ་ལ་མངའ་བདག་ཉང་རལ་པ་ཅན་ནས་བརྒྱུད་པའི་ལུང་རྒྱུན་ཁུངས་བཙན་ཞིག་གློ་ཆེན་སངས་རྒྱས་སྲས་ལ་ཡོད་པ་མཁྱེན་ནས་ལུང་ཚར་གཅིག་གསན། ཡང་སྟེང་པ་ལོ་ཙཱ་བའི་དྲུང་ནས་ལྷོ་པ་ཐམས་ཅད་མཁྱེན་པས་གསན་པའི་བརྒྱུད་པ་ཁུངས་དག་ཅིག་སྲད་ཕག་ཕུར་མཁན་ཆེན་དཀོན་མཆོག་ཡེ་ཤེས་ལ་བཞུགས་པར་གླེང་བ་བཞིན། ཁོང་གི་དྲུང་ནས་ཚར་གཅིག་བཅས་ཁྱོན་མདོ་མང་གི་ལུང་ཚར་བཞི་གསན་ནས་གཞན་ལ་སྤེལ་བར་མཛད། དེ་ནས་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཛཱ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན(འདིས་སྐུ་ཚེ་གཅིག་ལ་བཀའ་འགྱུར་གྱི་ལུང་ཚར་བཅོ་ལྔ་གནང)ཀློང་རྡོལ་བླ་མ་རིན་པོ་ཆེ། ཆུ་བཟང་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ་ཁྲི་ཆེན་ངག་དབང་ཆོས་འཕེལ། སྒོ་མང་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ། ཤག་སྐོར་མཁན་ཟུར་བློ་བཟང་སྨོན་ལམ། བཀའ་འགྱུར་བླ་མ་རིན་པོ་ཆེ་བློ་བཟང་དོན་ལྡན། རྗེ་ཕ་བོང་ཁ་པ། ཁང་གསར་བླ་མ་རིན་པོ་ཆེ། བྲག་རི་རིན་པོ་ཆེ་སོགས་དབུས་གཙང་ཁམས་སོག་ཡུལ་བཅས་སུ་བཀའ་འགྱུར་གྱི་ལུང་རྒྱུན་སྤེལ་བར་མཛད་མཁན་མང་དུ་བྱུང་བ་ལས་ད་ལྟའི་བར་དུ་ཡང་ལུང་རྒྱུན་མ་ཉམས་པར་བཞུགས་ཡོད། བཀའ་འགྱུར་གྱི་ལུང་རྒྱུན་སྣར་ཐང་དཔར་མའི་ཐོག་ནས་གནང་སྐབས་སྡེ་དགེ་དཔར་མ་དང་ལི་ཐང་དཔར་མའི་ཐོག་ནས་ཁ་སྐོང་གནང་དགོས་གྲས་ཀྱི་ཐོ་ནི། བཀའ་འགྱུར་བ་ལྷོ་སྤྲུལ་རིན་པོ་ཆེ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་གིས་མཛད་པ་ཞིག་གསུང་འབུམ་པོད་གཅིག་གི་མཇུག་ཏུ་བཞུགས་ཤིང་། བཀའ་འགྱུར་གྱི་དཔར་མི་འདྲ་བ་ཆད་ལྷག་བྱུང་སྐོར་གྱི་ཐོ་ནི་ཁལ་ཁ་དཔལ་ལྡན་ཆོས་རྗེའི་སློབ་མ་སྔགས་རམས་པ་བསྟན་དར་གྱིས་མཛད་པ་ལས་མདོ་མང་གེ་སྐོར་ལ་ཤོག་གྲངས༥༢དང་། དཀོན་བརྩེགས་ཀྱི་སྐོར་ལ་ཤོག་གྲངས༡༤ཤེར་ཕྱིན་གྱི་སྐོར་ལ་ཤོག་གྲངས༡༥ཕལ་ཆེན་གྱི་སྐོར་ལ་གྲངས༡༣བཅས་ཡོད་པ། དམ་པ་དེའི་གསུང་འབུམ་པོད་གཅིག་པོ་དེའི་ནང་དུ་བཞུགས་པ་ལ་གཟིགས།

language:
Tibetan

3. Thupten Phuntsok Dictionary

ཆོས་གསུང་བ་པོ་སངས་རྒྱས་བཅོམ་ལྡན་འདས་ནས་རང་གི་རྩ་བའི་བླ་མའི་བར་གཅིག་ནས་གཅིག་ཏུ་བརྒྱུད་པའི་བཀའ་འགྱུར་གྱི་ལུང་རྒྱུན་ཡོད་པའི་རིགས་བླ་མས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་ཀློག་པ་དང་། སློབ་མས་གཉིད་དང་། གཏམ་གླེང་གིས་བར་མཚམས་ཆད་པ་བཅས་མེད་པའི་སྒོ་ནས་ཉན་པ་ལ་ཟེར་རོ།

language:
Tibetan