Skip to main content Skip to search
bod sa gnas srid gzhung /
ID:
T271241
  • བོད་ས་གནས་སྲིད་གཞུང (Tibetan, Tibetan script, Original)
    • > bod sa gnas srid gzhung / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö sanĂ© sizhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་ཡང་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྩིས་པའི་དུས་རབས་བདུན་པའི་ནང་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡོངས་ལ་ཆོས་སྲིད་ཡུན་དུ་སྐྱོང་བའི་ཆ་རྐྱེན་མེད་དུ་མི་རུང་བ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སྙིང་པོར་བཞག་པའི་སྒྲིག་གཞི་ཁོད་ཆེན་པོ་སུམ་ཅུ་རྩ་དྲུག(རྒྱལ་བློན་བཀའ་གྲོས་ཞིབ་ནན་གྱིས་གཏན་ལ་ཕབ་པ་དེར་བཀའ་གྲོས་ཆེན་པོ་དྲུག་དང་། ཡིག་ཚངས་དྲུག བཀའི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག ཁྲིམས་ཡིག་དྲུག་བཅས)ཏུ་འབོད་པ་གསར་གཏོད་ཀྱི་ཕྱག་བཞེས་སུ་བསྟར་ནས་རྒྱལ་ཁམས་བསྐྱངས་ཤིང་། ཆབ་འབངས་འཕྲལ་ཡུན་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པ་སོགས་ལོ་རྒྱུས་མཛད་རྗེས་ཀྱི་རི་མོ་ཉམས་གསལ་བར་གནས་པ་ལྟར་དང་། དེ་རྗེས་དུས་རབས་བརྒྱད་པའི་ནང་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་མེས་སྲོང་བཙན་དུས་ཀྱི་སྲིད་སྐྱོང་སྒྲིག་གཞི་མཐུད་ཐོག་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་བསམ་ཡས་གཙུག་ལག་ཁང་སོགས་བཞེངས་པ་དང་། མདོ་སྨད་ཡན་ཆད་དུ་བཤད་གྲྭ་སྒོམ་གྲྭ་སོགས་དགེ་འདུན་གྱི་སྡེ་མང་པོ་བཙུགས་ཤིང་། ཆོས་དཔེ་མང་པོ་བོད་སྐད་དུ་བསྒྱུར། ལྷ་ཁང་གི་མཆོད་རྒྱུན་དང་། དགེ་འདུན་སོ་སོར་ཆོས་འབངས་ཁྱིམ་དུད་བསྩལ་ཐོག་རྒྱལ་མཛོད་ནས་ལོ་རེར་འབྲུ་མར་དང་། ན་བཟའ། སྣག་ཤོག་སོགས་དགོས་མཁོ་བསྩལ་ཞིང་། ཆོས་བདག་མཁན་པོར་གསེར་ཡིག་ཆེན་པོའི་གོ་གནས་དང་། བློན་ཆེན་ཚང་མའི་གྲལ་འགོར་སྡོད་རྒྱུ། བློན་ཆེན་གྱི་གྲོས་ཚོགས་ཆུང་བར་ཞུགས་ཆོག་པ་བཅས་ཀྱི་ཐོབ་དབང་བསྩལ་ཏེ་ཆོས་ལུགས་མི་སྣ་སྲིད་གྲོས་སུ་ཞུགས་པའི་ལམ་སྲོལ་ཐོག་མ་ཆགས། དུས་རབས་དགུ་པར་རྒྱལ་རབས་ཞེ་གཅིག་པ་ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་དུས་སུ་ཡབ་མེས་གོང་མའི་ཁྲིམས་སྲོལ་རྒྱུན་བསྐྱངས་ཐོག་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དང་། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དཀོན་མཆོག་གི་ཆོས་ཁྲིམས། ཇོ་མོ་མངའ་བདག་གི་ཁྲིམས་དང་དྲུག་ཏུ་ཕྱེ་སྟེ་བར་སྐབས་ཉམས་ལད་དུ་གྱུར་རིགས་དག་ཐེར་མཛད་དེ་དྲིལ་བསྒྲགས། གཞན་ཡང་སྨན་གྱི་བཅོས་ལུགས་བཞི། དཔྱད་མཁན་གྱི་གབ་རྩེ་ལྔ། ཡ་རབས་ཀྱི་རྐྱེན་བདུན། མཛད་པའི་མིག་བཅུ་གཉིས། ཕོ་ལྟང་གི་ཉེར་བརྒྱད། མོ་ལྟང་གི་བཅུ་གཉིས། ཕྱག་རྒྱ་དྲུག རྒྱལ་པོའི་གདན་བཞི། བློན་པའི་གྲལ་བརྒྱད། ཕྱག་རྐ་རྩ་བུ་བརྒྱད།མཛའ་བཞི་སོགས་བོད་འབངས་ཀྱི་གཏམ་དང་ཡིག་ཚང་དུ་གྲགས་པའི་ནང་ནས་ཕྱག་ལེན་དུ་བཞེས་འོས་པ་རྣམས་བཞེས་ཏེ་རྒྱལ་སྲིད་ཆོས་བཞིན་བསྐྱངས། འདི་དུས་རྒྱ་བོད་གཉིས་མ་མཐུན་པའི་གཡུལ་འཁྲུག་རིམ་པར་བྱུང་བ་རྣམས་མཐར་འདུམ་སྟེ་ས་མཚམས་དང་ལྷ་སར་དབོན་ཞང་རྡོ་རིང་ཁག་གསུམ་བཙུགས་ཏེ་བོད་རྒྱ་གཉིས་མཐུན་ཞིང་འབྲེལ་བ་ལེགས་པས་གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོན་ཞང་ཞེས་ཀུན་ཏུ་གྲགས། རྒྱལ་པོ་དེ་ཆོས་ལ་ཧ་ཅང་དད་པས་ཡབ་མེས་ཀྱིས་བཞེངས་པའི་ལྷ་ཁང་ཉམས་གསོ་དང་། གསར་དུ་འུ་ཤང་གཙུག་ལ་ཁང་བཞེངས། རབ་བྱུང་རེར་ཆོས་འབངས་མི་ཁྱིམ་བདུན་རེ་ཕུལ་བ་སོགས་བཀུར་བཟོས་བདག་རྐྱེན་ཚད་མེད་མཛད་པ་བཅས་ཀྱིས་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་བཅས་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་བཙན་པོའི་གདུང་རབས་ཀྱི་ཁྲོད་ནས་མངའ་ཐང་སྙན་གྲགས་དང་། ཆོས་སྲིད་ཀྱི་མཛད་པ་ཕུལ་ཕྱིན་དུ་བརྩིས་ནས། དེ་རྣམས་ཀྱི་བཞེད་སྲོལ་ལ་དགེ་བཅུའི་བཀའ་ཁྲིམས་ཞེས་བོད་ཀྱི་ས་གནས་དབང་འཛིན་རིམ་པས་རྒྱུན་མཐུད་ཕྱག་བཞེས་བསྟར་རྒྱུའི་གཞི་འཛིན་ས་ཡིན། དེ་རྗེས་དུས་རབས་བཅུ་པའི་ནང་རྒྱལ་རབས་ཞེ་གཉིས་པ་གླང་དར་བ་བཀྲོངས་རྗེས་འབངས་གྱེན་ལོག་རིམ་པར་བྱུང་བའི་རྒྱུ་རྐྱེན་འོག་བཙན་པོའི་གདུང་བརྒྱུད་ཀྱིས་དབང་བསྒྱུར་བའི་མཇུག་བསྒྲིལ་ཏེ་ལོ་ངོ་གསུམ་བརྒྱ་དགུ་བཅུ་ལྷག་ཙམ་གྱི་རིང་བོད་ཉིད་ནང་ཁུལ་ཚན་ཁག་བཅུ་གཅིག་གི་དུས་སྐབས་དེར་བོད་ཀྱི་ཆོས་ལུགས་ཚོགས་པ་ཁག་དང་། ཆབ་སྲིད་ཀྱི་སྟོབས་ཤུགས་ཕྱོགས་ཁག་རྣམས་མི་མཐུན་པའི་གོ་སྐབས་དང་བསྟུན་ནས་མོང་གོལ་ཇིང་གེར་ཧན་གྱིས་རབ་བྱུང་གསུམ་པའི་མེ་སྟག(༡༢༠༦)ལོར་བོད་དུ་དམག་དཔུང་གཏོས་ཆེ་བཏང་འབྱོར་བྱུང་བ་དང་། དེ་རྗེས་ས་སྐྱའི་ཆོས་ལུགས་ཚོགས་པ་དང་ཇིང་གེར་ཧན་གྱི་རྒྱལ་རྒྱུད་དབར་རིམ་བཞིན་འབྲེལ་བ་བྱུང་སྟེ་རབ་བྱུང་བཞི་པའི་ཆུ་གླང(༡༢༥༣)ལོར་སེ་ཆེན་ཧན་གྱིས་བོད་དུ་དམག་དཔུང་བཏང་ནས་བོད་ཡོངས་གཅིག་གྱུར་བཟོས་ཐོག ཧོར་ཁྲིམས་རྩ་འཛིན་དུ་བགྱིས་པའི་བོད་ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་རིམ་བཞིན་ཕུལ། འཇའ་ས་ཐམ་ག་བསྩལ། དེའི་སྐབས་ཀྱི་སྲིད་འཛིན་སྒྲིག་གཞི་ནི་སྤྱི་ཁྱབ་དཔོན་ཆེན་གཅིག་དང་། ཁྲི་སྐོར་སོ་སོར་ཁྲི་དཔོན། སྟོང་དཔོན། བརྒྱ་དཔོན། རྫོང་དཔོན། གཞིས་གཉེར་བཅས་དང་། ནང་གི་ལས་མཚན་བཅུ་གསུམ་སྟེ། གསོལ་གཟིམ་མཆོད་གསུམ། མཇལ(མགྲོན་གཉེར) ཡིག་མཛོད་གསུམ། ཐབ་འདྲེན་གདན་གསུམ(གསོལ་ཐབ་པ། འདྲེན་ཆས་པ། གདན་གཉེར)སྐྱ་རྟ་མཛོ་ཁྱི་བཞི(ཆིབས་རག་སྐབས་ཀྱི་སྐྱ་དར་བ་དང་། རྟ་དཔོན། ཕྱུགས་གཉེར། ཁྱི་སྲུང་སྒོ་ར་བ)བཅས་ལ་ཆེན་པོར་འོས་པའི་ལས་ཚན་བཅུ་གསུམ་དུ་གྲགས། རབ་བྱུང་ལྔ་པའི་ཆུ་སྤྲེལ(༡༢༧༢)ལོར་ཡོན་གོང་མས་བོད་དུ་ཐུ་པོ་ཤོན་ཝུས་སི་ཏུ་ཧྲའོ་ཡོན་ཕུའུ་ཞེས་པའི་སྲིད་འཛིན་དོ་དམ་ལས་ཁུངས་ཀྱི་ཆ་ཤས་སུ་གྱུར། བོད་འདི་ཡོན་གོང་མའི་མངའ་ཁོངས་ཀྱི་ཆ་ཤས་སུ་གྱུར། སྲིད་དོན་གལ་ཆེ་བ་བློས་མ་འཁྱུད་པའི་རིགས་ས་སྐྱ་བདག་ཆེན་ནམ་ཁྲི་པར་དགོངས་སྐོར་ཞུ་དགོས་པ་ལས་དེ་མིན་སྤྱི་ཁྱབ་དཔོན་ཆེན་གྱིས་ཐག་གཅོད་བྱེད་པ་དང་། དཔོན་ཆེན་གྱི་གོ་གནས་བསྐོ་འཐེན་སོགས་དོན་འགངས་ཆེ་རིགས་ཡོན་གོང་མར་སྙན་འབུལ་ཞུ་དགོས་ཤིང་། འགྲོ་མགོན་ཆོས་འཕགས་ནས་ཏཱ་དབེན་བློ་གྲོས་རྒྱལ་མཚན་བར་ཁྲི་ཐོག་དགུ་དང་། དཔོན་ཆེན་ཤཱཀྱ་བཟང་པོ་ནས་དབང་བརྩོན་བར་དཔོན་རབས་ཉི་ཤུ་སྐོར་གྱིས་རབ་བྱུང་བཞི་པའི་གླང(༡༣༤༩)ལོ་ནས་བཟུང་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་བོད་སྤྱི་ལ་དབང་བསྒྱུར། ཡོན་གོང་མས་ཏའི་སི་ཏུའི་གོ་གནས་བསྩལ། ས་སྐྱའི་དུས་སུ་སྔར་གྱི་དགེ་བཅུའི་བཀའ་ཁྲིམས་ལ་ཧོར་ཁྲིམས་ཀྱི་ཤན་ཤོར་བའི་ཧེ་བག་ལ་བརྟེན་ཆོས་རྒྱལ་མེས་དབོན་དུས་ཀྱི་ཁྲིམས་ལུགས་འདི་ཉིད་གཙོ་བོར་བཟུང་ཐོག་ཚལ་པ་ཁྲི་དཔོན་དུས་ཀྱི་ཁྲིམས་སྲོལ་ལེགས་ཆ་དང་། ཡུལ་དུས་གནས་སྐབས་ལ་གཞིགས་པའི་སྣོན་འཕྲི་དང་བཅས་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་གཏན་ལ་ཕབ་སྟེ་ཁྲིམས་སྲོལ་ལ་བརྟེན་ནས་རྒྱལ་ཁམས་བདེ་བར་བཀོད། གོང་དཀར། བྲག་དཀར་སྣེའུ། འོལ་ཁ། གཞིས་རྩེ། ལྷུན་རྩེ། རིན་སྤུངས། འཕྱོངས་རྒྱས། གྲི་གུ་ལ་སོགས་རྫོང་ཆེན་བཅུ་གསུམ་བརྩིགས། རྒྱ་ཁྱབ་རྫོང་གཞིས་སོ་སོར་གཉེར་སྡོད་ལོ་གསུམ་རེས་འཁོར་གྱིས་བསྐོ་རྫོངས་བྱས། རྩེད་ཐང་དུ་བཤད་གྲྭ་བཙུགས་པ་སོགས་ཆོས་ཕྱོགས་ཀྱི་མཛད་རྒྱ་ཆེ། རླངས་ཀྱི་གདུང་བརྒྱུད་ཐོག་མ་ཕག་གྲུ་བྱང་ཆུབ་རྒྱལ་མཚན། གཉིས་པ་ཤཱཀྱ་རྒྱལ་མཚན(ཡོན་གོང་མས་གོ་ཤྲིའི་ཆོ་ལོ་དང་ཐམ་ཀ་བསྩལ) གསུམ་པ་གྲགས་པ་བྱང་ཆུབ། བཞི་པ་བསོད་ནམས་གྲགས་པ། ལྔ་པ་ཤཱཀྱ་རིན་ཆེན(མིང་གོང་མས་ཐོ་གན་ཐི་མུར་གྱི་ལུང་གནང) དྲུག་པ་གྲགས་པ་རྒྱལ་མཚན(མིང་གོང་མས་གསེར་ཐམ་དང་། ཤེ་བམ། ཝང་གི་འཇའ་ས་གནང) བདུན་པ་གྲགས་པ་འབྱུང་གནས། བརྒྱད་པ་ཀུན་དགའ་ལེགས་པ(མིང་གོང་མས་ཝང་གི་འཇའ་ས་གནང) དགུ་པ་ངག་གི་དབང་པོ། བཅུ་པ་ངག་དབང་བཀྲ་ཤིས་གྲགས་པ(མིང་གོང་མས་ཝང་གི་འཇའ་ས་གནང) བཅུ་གཅིག་པ་ངག་དབང་གྲགས་པ་བཅས་གདུང་རབས་བཅུ་གཅིག་གིས་ལོ་སུམ་བརྒྱ་སྐོར་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་རྗེས་སུ། སྣེའུ་གདོང་པའི་བློན་པོ་རིན་སྤུངས་པ་ནོར་བུ་བཟང་པོས་སྔ་རྗེས་ས་གནས་རིམ་བཟུང་གིས་སྣེའུ་གདོང་པའི་མངའ་ཐང་ཉམས་ནས་རིན་སྤུངས་པས་སྲིད་དབང་འཛིན་སྐབས་རིན་སྤུངས་པའི་ནང་འཁོར་ཞིང་ཤག་ཚེ་བརྟན་རྡོ་རྗེས་རྗེ་བོར་གྱེན་ལོག་གིས་རྫོང་དང་ས་ཁུལ་མང་པོ་བཅད་བཟུང་བྱས་ཏེ་རྟེན་གཞི་བཙུགས་ཐོག་ཀརྨ་བསྟན་སྲུང་དབང་པོ་སོགས་ཁོ་པའི་བུ་གསུམ་གྱིས་རིམ་བཞིན་དབུས་གཙང་དུ་མངའ་ཁོངས་རྒྱ་བསྐྱེད་བྱས་པ་དང་། ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ཡོངས་ལ་དབང་བསྒྱུར་བྱས། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོས་སྲིད་དབང་རྒྱུན་བསྐྱངས་ཐོག་ཕག་གྲུའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་རྩ་འཛིན་དུ་བྱས་པའི་གླེང་གཞིར་གཙང་པ་རྒྱལ་པོ་མི་རབས་ཀྱི་བྱས་རྗེས་དང་ཆེ་བརྗོད་འགོ་རྒྱན་དུ་བཀོད་ཡོད། གོང་གསལ་ས་སྐྱ་དང་། ཕག་གྲུ། རིན་སྤུངས། གཙང་པ་སོགས་རྒྱལ་རབས་འཕོ་ལེན་བྱེད་སྐབས་གཙོ་བོ་དྲག་དཔུང་ལ་བརྟེན་པ་བཞིན་གཙང་པའི་རྒྱལ་ཐོག་བཞིས་སྲིད་དབང་ལོ་བདུན་ཅུ་ལྷག་ཙམ་བཟུང་རིང་ཆོས་ལུགས་གྲུབ་མཐའི་ཕྱོགས་འཛིན་གྱི་དབང་གིས་དགེ་བསྟན་ལ་དངོས་ཤུགས་སུ་སྡང་ཟུག་ཡོད་པར་བརྟེན་ཕྱག་མཛོད་བསོད་ནམས་རབ་བརྟན་དང་སྐྱིད་ཤོདསྡེ་པ་གཉིས་ནས་བོད་ཀྱི་གནས་བབས་སྐོར་གུ་ཤྲཱི་ཧན་ལ་ཡི་གེ་བཏང་། དེའི་ཕྱི་ལོ་གུ་ཤྲཱི་ཧན་ངོ་འཁོར་ཉུང་བསྡུས་ཚོང་པའི་ཆས་སྤྲས་ཏེ་དབུས་གཙང་དུ་རྟོག་ཞིབ་བྱེད་པར་འོངས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་མཇལ། ཏཱ་ལའི་བླ་མས་གུ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་མཚན་བསྟོད་གནང་སྟེ་ཕྱིར་ལོག དེ་རྗེས་གུ་ཤྲཱི་ཧན་གྱི་དམག་དཔུང་གིས་ཆོག་ཐུ་རྒྱལ་པོའི་དཔུང་དམག་རྩ་མེད་དུ་བཏང་ཐོག་བེ་རི་རྒྱལ་པོར་དམག་དྲངས་ཏེ་སྡེ་དགེ་དང་སྨར་ཁམས་སོགས་མངའ་འོག་ཏུ་བསྡུས་ཐོག་སོག་དམག་བོད་དུ་ཤར་བསྐྱོད་བྱས་བྱས་ཏེ་སྡེ་པ་སྐྱིད་ཤོད་པའི་དམག་དཔུང་དང་མཉམ་སྦྲེལ་གྱིས་གཙང་དུ་དཔུང་བསྐྱོད་ཀྱིས་ཀརྨ་བསྟན་སྐྱོང་དབང་པོའི་རྗེས་འབྲང་དང་བཅས་པ་ཚར་བཅད་དེ་འཁྲུག་ཟིང་ཞོད་འཇགས་སུ་བཏང་བ་དང་། རབ་བྱང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོ་གུ་ཤྲཱི་ཧན་གྱིས་བོད་ཁྲི་སྐོར་བཅུ་གསུམ་གྱི་སྲིད་དབང་དང་གཙང་པ་རྒྱལ་པོའི་རིན་བྲལ་དངོས་ནོར་བཅས་ཏཱ་ལའི་བླ་མ་ལྔ་པ་ཆེན་པོར་ཕུལ་བ་དེ་ནས་བཟུང་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ཟུང་སྦྲེལ་གྱི་སྲིད་དབང་དབུ་བརྙེས། དེ་ཡང་དགའ་ལྡན་ཕོ་བྲང་ཞེས་མིང་གི་འབྱུང་སྟངས་ནི་སྔར་སྡེ་སྲིད་ཕག་གྲུ་འབྲས་སྤུངས་སུ་ཕེབས་སྐབས་ཀྱི་བཞུགས་ཡུལ་རྡོ་ཁང་སྔོན་པོ་ཞེས་པ་དེ་སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོར་ཕུལ་ཞིང་། རྒྱལ་མཆོག་གང་ཉིད་ཀྱིས་སྐལ་བ་དང་ལྡན་པ་རྣམས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འདྲེན་པའི་རྟེན་འབྲེལ་གྱི་སླད་དུ་དགའ་ལྡན་ཕོ་བྲང་ཞེས་འདོགས་པ་གནང་། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བཞི་པ་བར་གྱི་བཞུགས་གནས་ཡིན་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོ་ཡང་དགའ་ལྡན་ཕོ་བྲང་དེར་བཞུགས་པར་བརྟེན་སྲིད་གཞུང་གུ་མིང་ཡང་དགའ་ལྡན་ཕོ་བྲང་ཞེས་བཏགས་པ་དང་། ཏཱ་ལའི་ལྔ་པ་ཆེན་པོས་ཕྱག་མཛོད་བསོད་ནམས་ཆོས་འཕེལ་ལ་ལུང་བསྒྱུར་ཐམ་ཀ་བཅས་སྡེ་སྲིད་བསྐོ་གཞག་བསྩལ། གཙང་པའི་དུས་ཀྱི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ནས་དཔའ་བོ་སྟག་དང་། སྡར་མ་ཝ། ཀླ་ཀློ་མཐའ་འཁོབ་བཅས་ཞལ་ལྕེ་གསུམ་དོར་བས་ཞལ་ལྕེ་བཅུ་གསུམ་གཏན་ལ་ཕབ་ཅིང་། ཁྲིམས་ཡིག་གི་ཆེ་བརྗོད་ལོ་རྒྱུས་སོགས་དུས་བསྟུན་བསྒྱུར་བཅོས་གནང་བ་དང་། སྡེ་སྲིད་བསོད་ནམས་ཆོས་འཕེལ་ནས་ཆུ་ལུག(༡༦༤༣)ལོ་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གྱི་རྒྱབ་གནོན་རྩ་འཛིན་ཤེ་བམ་ཆེ་མོ་ཞེས་གཏན་འབེབས་ཁྱབ་བསྒྲགས་ཀྱང་གནང་ཡོད། སྡེ་སྲིད་འདིས་སྲིད་ལོ་བཅུ་བདུན་བསྐྱངས་ཏེ་སྐུ་གཤེགས། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྲིད་དབང་ལོ་གཉིས་བཞེས་རྗེས་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང་། བློ་བཟང་མཐུ་སྟོབས། བློ་བཟང་སྦྱིན་པ་བཅས་སོ་སོར་སྡེ་སྲིད་བསྐོ་གཞག་བསྩལ་བས་ཁྲི་ལོ་སུམ་ཅུ་སོ་དྲུག་སོང་། ས་ལུག(༡༦༧༩)ལོ་ཏཱ་ལའི་བླ་མས་གྲོང་སྨད་པ་སངས་རྒྱས་རྒྱ་མཚོར་སྡེ་སྲིད་བསྐོ་བཞག་བསྩལ་ཏེ་ལོ་ཉེར་དྲུག་རིང་སྲིད་བསྐྱངས། སྡེ་སྲིད་འདིར་སྡེ་སྲིད་གོང་མ་གཞན་དང་མི་འདྲ་བའི་གཟེངས་བསྟོད་བླག་ལྷག་མཛད་སྐོར་རྩེ་བདེ་ཤར་གསུམ་སྐས་འགོར་རྩ་ཚིག་ཕྱག་བསྟར་མ་ད་ལྟ་ཡང་མཇལ་རྒྱུ་ཡོད། ལྕགས་བྱ(༡༦༨༡)ལོ་ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་དགའ་ལྡན་ཚེ་དབང་དཔུང་བཅས་མངགས་ཏེ། ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ལྟོས་བཅས་ཆམ་ལ་ཕབ་སྟེ་སྟོད་མངའ་རིས་སྐོར་གསུམ་དབང་དུ་འདུས། མངའ་རིས་དང་ལྷོ་མོན་སོགས་མཚམས་ཁག་ལ་སྲིད་འཛིན་སྒྲིག་གཞི་བཙུགས། དར་རྩེ་མདོ་སོགས་འབྲི་ཆུ་ཤར་བརྒྱུད་ཀྱི་ས་གནས་ཁག་ལ་ས་མི་ཞིབ་གཅོད་དང་སྒོ་ཁྲ་ཐེམ་གཞུང་གསར་དུ་བཀོད། དེ་རྗེས་རྫོང་གཞིས་ཁག་གི་ས་མིང་དང་། ཐོན་ཁུངས། ཁྲལ་འབབ་བཅས་གཏན་འབེབས་ཀྱིས་འབབ་དེབ་སྦུག་དམ་འབྱར་མ་ཁག་ལྔ་བཅུ་ང་དྲུག་བཟོས། གཞན་ཡང་རིས་མེད་དགོན་ཁག་གི་ཆོས་ཁྲིམས་བཅའ་ཡིག་དང་། ས་ཁང་མི་གསུམ་གྱི་བདག་ཐོབ་གཏན་ཚིག དགོན་ཁག་གི་གྲྭ་ཁྲལ་བསྡུ་ལམ། སྲིད་གཞུང་ནས་འབྲུ་ཕོགས་དང་། རྒྱུན་ཇ་གཏོང་རྒྱུའི་ལམ་སྲོལ་སོགས་གཏན་འབེབས་མཛད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ས་སྐྱའི་དུས་ཀྱི་ལས་ཚན་བཅུ་གསུམ་ནས་མཆོད་དཔོན་སོགས་ཁག་གསུམ་ཕུད་གསར་དུ་ལས་ཚན་རྣམ་གྲངས་ཁ་སྣོན་མཛད་པའི་དང་པོ་སྲིད་སྐྱོང་གི་བྱེད་སྒོ་དང་། དེ་ནས་བཀའ་བློན། དམག་དཔོན། ཞལ་ལྕེ་གཅོད་པ། བཟོ་རིགས་དོ་དམ། གཉེར་པའི་རིགས་ཆེ་ཕྲ། སྡོམ་གཅོད་པ། མི་དཔོན། ཕྱོགས་མཐའི་རྫོང་གཞིས། གྲྭ་ཚང་ཁག་གི་གཉེར་པ། ཚོང་དཔོན། རྡ་རོ་ཁའི་འགོ་པ། དཀོན་གཉེར། གསེར་ཡིག་པ། བཀར་རྒྱ་ཡོང་སྡུད་ལ་སོགས་པ་ཕྱི་ནང་ལས་ཚན་གྱི་སྤངས་བླངས་བྱེད་སྒོའི་རིམ་པ་དྭངས་ཤེལ་ཉེར་གཅིག་ཞེས་པ་དང་། འབྲས་ལྗོངས་བསྟན་སྲུང་རྣམ་རྒྱལ་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཁྲིམས་ལུགས་སྐོར་དོགས་སེལ་ཞུས་པའི་དྲི་བ་དྲིས་ལན། ཁྲིམས་གཅོད་ལས་ཁུངས་ཁག་ནས་ཁྲིམས་ཡིག་ནང་གསལ་ཉེས་འབབ་འཇལ་སྤྲོད་བདེ་ཆེད་སྟོང་སྲང་འབྲུར་བཀུག་ཞོ་འབེབས་ཀྱིས་འཇལ་དགོས་པའི་གཏན་འབེབས་བཅས་མཛད་ཡོད། ཆུ་ཁྱི(༡༦༨༢)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོ་དགོངས་པ་རྫོགས་རྗེས་ལོ་བཅོ་ལྔ་གསང་རྒྱ་མཛད་རིང་གསེར་སྡོང་འཛམ་གླིང་རྒྱན་གཅིག་རྟེན་དང་བརྟེན་པ་ལེགས་གྲུབ་ཐོག རྩེ་ཕོ་བྲང་དམར་པོ་ལེ་ལག་དང་བཅས་པ་གསར་བསྐྲུན། ལྔ་པའི་དགོངས་རྫོགས་ཚོགས་མཆོད་ཆེན་མོ་དང་རྗེས་འབྲེལ་མཆོད་སྤྲིན་སེར་སྦྲེང་གི་སྲོལ་བཙུགས། མེ་གླང(༡༦༩༧)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། གུ་ཤྲཱིའི་སྲས་བརྒྱུད་ལྷ་བཟང་ཁང་འགལ་ཟླར་གྱུར་ཏེ་ལྷ་བཟང་ཁང་ནས་སྲིད་དབང་ལོ༡༣བཟུང་རིང་ཚངས་དབྱངས་རྒྱ་མཚོ་གོང་མའི་མི་སྣའི་གདོང་པེ་ཅིན་དུ་ཕེབས་དགོས་བྱུང་བའི་ལམ་བར་སྐུ་གཤེགས་ཚུལ་བསྟན་པའི་ལོ་རྒྱུས་ཀྱང་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་གདན་དྲངས་ཏེ་པོ་ཏ་ལར་ཁྲི་གསོལ་ཞུས། སྐབས་དེར་བོད་ལྗོངས་ཚོགས་འདུས་སྲིད་དབང་ལོ་གཅིག་བཟུང་རྗེས་དའི་ཆིང་སྦ་དུར་གྱིས་གཙོ་བོ་བྱས་པའི་ང་ལུམ་སྦྱར་གསུམ་དང་། ཕོ་ལྷ་བ་བཅས་ནས་བཀའ་བློན་གྱི་འགན་འཁུར་སྲིད་དབང་བཟུང་རྗེས། མེ་ལུག(༡༧༢༧)ལོ་བཀའ་བློན་རྣམས་དབུས་གཙང་ཕྱོགས་འཐེན་ནང་འཁྲུག་བྱུང་རྗེས་ཕོ་ལྷ་བར་གོང་མས་ཇུན་ཝང་གི་ཆོ་ལོ་ཐམ་ཀ་བཅས་བསྩལ་ནས་སྲིད་ལོ༢༠རིང་བསྐྱངས་ཏེ་འདས། ཕོ་ལྷ་བའི་བུ་འགྱུར་མེད་རྣམ་རྒྱལ་ལ་ཇུན་ཝང་གི་གོ་ཐོབ་དང་བཅས་ཕ་ཤུལ་བུ་འཛིན་གྱི་སྲིད་དབང་ལོ་བཞི་བཟུང་རིང་ཁྲིམས་འགལ་གྱི་བྱ་བ་བྱས་རྐྱེན་ཨམ་བན་གཉིས་ནས་འགྱུར་མེད་རྣམ་རྒྱལ་བསད་པ་དང་། འགྱུར་མེད་རྣམ་རྒྱལ་ཕྱོགས་གཏོགས་ནས་འཁོན་ལན་གྱིས་ཨམ་བན་གཉིས་བསད་པ་སོགས་ནང་འཁྲུག་རྒྱ་ཆེ་ལངས་སྟབས། ཏཱ་ལའི་བླ་མས་ལྷིང་འཇགས་ཡོངས་ཐབས་ཐུགས་འཁུར་ཆེ་བཞེས་ལ་བརྟེན་དུས་བདེ་ཞོད་འཇགས་བྱུང་བ་དང་། ལྕགས་ལུག(༡༧༥༡)ལོ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་ལུགས་གཉིས་ཐུགས་འགན་བཞེས། བཀའ་བློན་གུང་རྡོ་རིང་པཎྜི་ཏ་མགོན་པོ་དངོས་གྲུབ་དང་། མདོ་མཁར་ཚེ་རིང་དབང་རྒྱལ། ཐོན་པ་སྲི་གཅོད་ཚེ་བརྟན། སེར་མོ་བ་རྩེ་མགྲོན་ཉི་མ་རྒྱལ་མཚན་བཅས་ལ་བསྐོ་གཞག་ཐོག་བཀའ་ཤག་ཚུགས་ཡུལ་གཏན་འཁེལ་དང་། ཏཱ་ལའི་བླ་མས་ཐུགས་སྨོན་དང་བཅས་ལུང་སྒྱུར་རྒྱ་ཐམ་བདེ་སྐྱིད་མ། སེལ་ཐམ། རྟགས་ཐམ་བཅས་བསྩལ་ཐོག ཕྱི་ནང་བསྟན་སྲིད་ཡོངས་ལ་དབང་སྒྱུར་ཆོག་པའི་ལུང་ལག་གི་གཟེངས་བསྟོད་མཛད། (བཀའ་ཤག་གི་ཞིབ་ཆའི་འགན་དབང་དང་ལས་བྱ་དྲུང་མགྲོན་འགག་པ་བཅས་ཀྱི་གོ་རིམ་སྐོར་ཟུར་དུ་གསལ) ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་ལྕགས་ལུག(༡༧༥༡)ནས་མེ་གླང(༡༧༥༧)བར་ལོ་བརྒྱད་ཙམ་རིང་ལུགས་གཉིས་ཐུགས་འགན་བཞེས་ཏེ་སྐུ་གཤེགས། འདི་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་བདུན་པ་གཉིས་ཀྱི་མཛད་ལམ་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པ་དང་། སྲིད་སྐྱོང་རིམ་པས་ལུགས་གཉིས་ཆབ་སྲིད་བསྐྱངས་སྲོལ་ལྟར། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས་སྲིད་སྐྱོང་ཐོག་མ་བསྟན་གླིང་དེ་མོ་འཇམ་དཔལ་བདེ་ལེགས་རྒྱ་མཚོས་ལོ་ཉི་ཤུ་རྩ་གཅིག ཚེ་གླིང་ངག་དབང་ཚུལ་ཁྲིམས་ཀྱིས་ལོ་བཅུ། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་ལོ་བཅོ་བརྒྱད། ཀུན་གླིང་རྟག་ཚག་བསྟན་པའི་བསྟན་པའི་མགོན་པོས་ལོ་བདུན། དེ་མོ་འཇིགས་མེད་རྒྱ་མཚོས་ལོ་དགུ། ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ལོ་ཉེར་དྲུག པཎ་ཆེན་བསྟན་པའི་ཉི་མས་ཟླ་བ་དགུ། རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་ལོ་བཅུ་གཅིག ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པས་ཟླ་ཤས་རིང་ཐུགས་འགན་བཞེས་ཏེ་སྐུ་གཤེགས་རྗེས་སླར་ཡང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་ཀྱིས་ལོ་བདུན། སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ལོ་གསུམ། སྡེ་དྲུག་མཁྱེན་རབ་དབང་ཕྱུག་གིས་ལོ་དགུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པས་ལོ་གསུམ། རྟག་ཚག་ངག་དབང་དཔལ་ལྡན་གྱིས་ལོ་བཅུ་གཉིས། དེ་མོ་འཕྲིན་ལས་རབ་རྒྱས་ཀྱིས་ལོ་དགུ། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ལུགས་གཉིས་ཐུགས་འགན་བཞེས་ཏེ་ལོ་བཅུ་སོང་མཚམས་དབྱིན་ཇི་བཙན་འཛུལ་པའི་དམག་དཔུང་ལྷགས་འབྱོར་ལ་བརྟེན་སྐུ་འཁོར་ཧྲག་བསྡུས་རྒྱ་སོག་ཡུལ་གྲུར་ཆིབས་བསྒྱུར་གནང་རིང་ལ་མོ་ཤར་བློ་བཟང་རྒྱལ་མཚན་གྱིས་ལོ་གསུམ། ལ་ཤར་དང་། སྲིད་བློན་བཤད་ཞོལ་ཆང་གསུམ་མཉམ་སྦྲེལ་གྱིས་ལོ་གསུམ། བོད་རབ་བྱུང་བཅོ་ལྔ་པའི་ས་བྱ(༡༩༠༩)ལོའི་མཇུག་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་ན་བོད་དུ་ཞབས་སོར་འཁོད་ཅིང་། ལྕགས་ཁྱི(༡༩༡༠)ལོ་འགོར་ལུའུ་ཅུན་རྒྱ་དམག་བོད་འབྱོར་གྱིས་རྐྱེན་པའ་ཏཱ་ལའི་བླ་མ་སྐུ་འཁོར་ཉུང་བསྡུས་རྒྱ་གར་དུ་ཉེན་གཡོལ་ཆིབས་བསྒྱུར་གནང་རིང་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་བློ་བཟང་བསྟན་པའི་རྒྱལ་མཚན་ནས་ལོ་གཉིས། ཆུ་བྱི(༡༩༡༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བོད་དུ་ཞབས་སོར་འཁོད་རྗེས་སླར་ཡང་ལོ་ཉེར་གཉིས། རྭ་སྒྲེང་འཇམ་དཔལ་ཡེ་ཤེས་དང་། སྲིད་བློན་གླང་མདུན་མཉམ་སྦྲེལ་གྱིས་ལོ་དྲུག རྭ་སྒྲེང་སྐུ་རྐྱང་གིས་ལོ་གཉིས། སྟག་བྲག་ངག་དབང་གསུང་རབ་ཀྱིས་ལོ་བཅུ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ལོ་བཅུ(བློ་བཟང་བཀྲ་ཤིས་དང་བདེ་མཁར་བ་གཉིས་ཀྱིས་ལྷ་སའི་སྲིད་བློན་ལས་ཚབ་ལོ་གཉིས)བཅས་སོ། །

language:
Tibetan