- gung thang /
- ID:
- T26288
- གུང་ཐང (Tibetan, Tibetan script, Original)
- > gung thang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > gungtang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
5. dung dkar bod rig pa'i tshig mdzod chen mo
ཡོངས་གྲགས་སུ་ཚལ་གུང་ཐང་ཞེས་དགོན་པ་ལྷོ་བྱང་གཉིས་ཀྱི་མིང་མཉམ་དུ་བསྡུས་ནས་འབོད་སྲོལ་ཡོད། དེ་ཡང་བྱང་ངོས་ཀྱི་དགོན་པ་དེར་ཚལ་ཡང་དགོན་ཟེར་བ་དང༌། ལྷོ་ངོས་ཀྱི་དགོན་པ་དེར་གུང་ཐང་ཟེར། དགོན་པ་འདི་གཉིས་ལྷ་ས་གྲོང་ཁྱེར་ནས་སྐྱིད་ཆུ་སྒྲོལ་ཏེ་ཤར་ཕྱོགས་སུ་ལེ་དབར་བཅུ་ཙམ་སོང་བའི་སར་ཡོད། བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་ཐོག་མར་ཚལ་ཡང་དགོན་ཕྱག་བཏབ་ཅིང༌། དེ་ནས་ལོ་བཅུ་གསུམ་པ་མེ་ལུག(༡༡༨༧)ལོར་གུང་ཐང་གཙུག་ལག་ཁང་ཕྱག་བཏབ། ཐོག་མའི་རྒྱ་ཁྱོན་ཇི་ཡོད་སྐོར་ཀྱི་དཔྱད་གཞིའི་ཡིག་ཆ་གསལ་བ་ད་ཕན་ལག་ཏུ་མ་སོན་ཀྱང་རབ་བྱུང་བདུན་པའི་མེ་ལུག(༡༤༢༧)ལོར་ཚལ་པའི་བླ་དཔོན་གང་རུང་ཞིག་གིས་མཛད་པའི<<བོད་ཀྱི་ཡིག་ཚང་གསལ་བའི་མེ་ལོང>>དབུ་མེད་བྲིས་མ་ཤོག་ངོས་རེར་ཡིག་ཕྲེང་བརྒྱད་རེ་དང་ཁྱོན་བསྡོམས་ཤོག་གྲངས༢༣ཡོད་པ་དེའི་ནང༌། གུང་ཐང་བླ་མ་ཞང་རབ་བྱུང་གསུམ་པའི་ཆུ་གླང(༡༡༩༣)ལོར་སྐུ་གཤེགས་ཁར་ཉེ་གནས་དར་མ་གཞོན་ནུ་དཔོན་ཆེན་དུ་བསྐོས་པ་ནས། དཔོན་རབས་བཅུ་དྲུག་པ་སྤྱན་སྔ་དངོས་གྲུབ་རྒྱལ་མཚན་བར་གྱི་ལོ་རྒྱུས་ཞིབ་ཙམ་འཁོད་འདུག་པ་དང༌། ལྷག་པར་དུ་དཔོན་རབས་བདུན་པ་དགའ་བདེ་དཔལ་གྱིས་རབ་བྱུང་ལྔ་པའི་ལྕགས་འབྲུག(༡༢༨༠)ལོ་ནས་ལྕགས་བྱ(༡༣༢༡)ལོ་བར་ལོ་བཞི་བཅུ་ཞེ་གསུམ་རིང་ཁྲི་དཔོན་གྱི་གོ་གནས་བཟུང་བའི་རིང་དེར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལི་དང་འབྲེལ་བ་དམ་ཟབ་དང་རྒྱབ༌སྐྱོར་ཤུགས་ཆེན་ཐོབ་ཡོད་པར་བརྟེན། རྒྱ་རིགས་ཀྱི་ཤིང༌བཟོ་བ་དང༌། རྫ་མཁན་མཁས་པ། བོད་ཀྱི་ཤིང་བཟོ་བ༌མཁས་བསྡུས་བཅས་བསྐོངས་ནས། གཙུག་ལག་ཁང་ལྟེ་བའི་སྟེང་དུ་རྒྱ་ཕུབས་དྲུག་དང༌། མདའ་ཡབ། གློ་འབུར༌བཞི་ལ་རྒྱ་ཕུབས་དང༌། གསེར་ཏོག གཞུང་སྒོའི་སྟེང་དུ༌རྒྱ་ཕུབས། སྟེང་འོག་གཉིས་ཀར་ལྷ་ཁང་བཞི་རེ། མདུན༌དུ་ཁྱམས་གྲྭ་ཆེན་མོ་བཅས་ལ་སྐུ་རྟེན་གྲངས་ལས་འདས་པ་དང་གསུང་རབ་ལྷ་ཁང་ནང་དུ་དྲ་མིག་སུམ་བརྒྱ་བཞི་བཅུ༌ཡོད་པར་ཁྱོན་བསྡོམས་གསུང་རབ་པོད་ཆེ་ཆུང་བསྡོམས་ཉིས་ཁྲི་སུམ་སྟོང་ལྔ་བརྒྱ་ཙམ་ཡོད་ཚུལ<<བོད་ཀྱི་ཡིག་ཚང་གསལ་བའི་མེ་ལོང>>ནང་གསལ་ཞིང༌། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི<<དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐར>>དབུ་མེད་བྲིས་མ་དཔེ་རིང་ཞིག་ནང་འཁོད་དོན་དུ་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྐབས་རྩ་ཆེའི་རྟེན་གསུམ་དང་རིག་དངོས་གྲངས་ལས་འདས་པ་ཞིག་ཕྱག་ཏུ་འབྱོར་ཚུལ་འཁོད་འདུག གཞན་ཡང་མཚན་ཉིད་གྲྭ་ཚང་ཆོས་འཁོར་གླིང་དང༌། ས་ལུགས་སྔགས་པ་གྲྭ་ཚང༌། དབུས་གླིང་སོགས་སུ་ཡང་རྩ་ཆེའི་རྟེན་གསུམ་རིག་དངོས་གྲངས་ལས་འདས་པ་ཞིག་ཡོད་ཚུལ། རྗེ་འཇོག་རི་བ་ངག་དབང་བསྟན་འཛིན་གྱིས་མཛད་པའི<<གུང་ཐང་གཙུག་ལག་ཁང་གི་དཀར་ཆག>>ནང་གསལ། རབ་བྱུང་བདུན་པའི་ལྕགས་ཡོས(༡༤༡༡)ལོར་ཚལ་གུང་ཐང་ལ་དམག་གི་གནོད་པ་བྱུང་བ་དང༌། དེ་རྗེས་རབ་བྱུང་དགུ་པའི་མེ་རྟ(༡༥༤༦)ལོར་གུང་ཐང་གཙུག་ལག་ཁང་ཡས་མས་ལ་མེ་སྐྱོན་བྱུང་ནས་རྟེན་གསུམ་རིག་དངོས་ཉུང་ཤས་ལས་མ་ལུས་པའི་གནས་ཚུལ་ལོ་རྒྱུས་མང་པོར་གསལ། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐུ་ཚེའི་སྟོད་ལ་གུང་ཐང་གཙུག་ལག་ཁང་ཉམས་གསོའི་ཆེད་དུ་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས་ཀྱིས་ལོ་མང་འཛིན་བདག་དང་ཉམས་གསོ་གནང་ཞིང༌། ཁྲི་ཆེན་དེ་ཉིད་སྐུ་གཤེགས་རྗེས། མཆོད་དཔོན་ཞ་ལུ་མཁན་པོ་བསྐལ་བཟང་ཡོན་ཏན་གྱིས་ལོ་མང་རིང་འཛིན་བདག་དང་ཉམས་གསོ་མཛད། དེ་ནས་ལོ་མང་ཞིག་ལ་བཀའ་བློན་ཀུན་བཟང་རྩེ་པས་བདག་འཛིན་བྱས་པའི་ལོ་རྒྱུས་འདུག
- language:
- Tibetan